དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་མུ་མཐུད་མང་ཤོས་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་2025ལོར་རྩ་འཛུགས་དེའི《ཁེ་བེད་བདག་ཐོབ་མཉམ་ལས་ཆིངས་ཡིག》(PCT)སྒྲོམ་གཞིར་རྩིས་སྤྲད་པའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་ཁྲི་27.59ཟིན་པའི་ནང་གྲངས་འཛིན་འཕྲིན་གཏོང་དང་གློག་འདྲེན་ཕྱེད་གཟུགས་ཁྱབ་ཁོངས་ཀྱི་PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་མང་དུ་ཤུགས་ཆེན་ཕྱིན་ཡོད། ཀྲུང་གོའི་PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་73718ཟིན་པ་དེས་སྔར་བཞིན་རེ་འདུན་ཞུ་ཚད་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། 2025ལོར་PCTསྒྲོམ་གཞིར་རྩིས་སྤྲད་པའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་2024ལོ་ལས་0.7%འཕར་བ་དང་ལོ་གཉིས་བསྟུད་མར་འཕར་ཡོད་པ་རེད། དེའི་ནང་གྲངས་འཛིན་འཕྲིན་གཏོང་ནི་PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་ཁྲོད་བསྡུར་གྲངས་བཟུང་མང་ཤོས་ཀྱི་ཁྱབ་ཁོངས་ཤིག(11.1%)ཡིན་པ་དང་དེའི་ཁྱབ་ཁོངས་གཙོ་བོའི་ནང་རྩིས་འཁོར་ལག་རྩལ(9.6%)དང་། གློག་ལས་འཕྲུལ་ཆས(9.0%)སྨན་བཅོས་ལག་རྩལ(6.3%)སྨན་བཟོ(4.3%)བཅས་ཚུད་ཡོད་པ་རེད།

    རྒྱལ་ཁབ་གཞན་དག་ངོས་ནས་བལྟས་ན། 2025ལོར་ཀྲུང་གོ་འདི་ཉིད་PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་73718ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་བསླེབས་ཏེ་2024ལོ་ལས་5.3%འཕར་ཡོད། ཨ་རི་ནི་རེ་འདུན་ཞུ་ཚད་52617ཟིན་ནས་ཨང་གཉིས་པར་སླེབས་པ་དང་དེ་རྗེས་རི་པིན་(47922)དང་། ཧན་གོ(25016)འཇར་མན(16441)བཅས་ཟིན་ཡོད་པ་རེད།

    སྤྱི་བསྒྲགས་ནང་འཕེལ་ཕྱོགས་དེ་དག་ལས་གྲངས་འཛིན་ལག་རྩལ་ནི་གསར་གཏོད་བྱེད་སྒོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཡིན་པའི་ངོས་ནས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མི་ཐབས་རིག་ནུས་ལ་མ་འཇོག་དང་བཀོད་སྒྲིག་བྱེད་ཚད་ཉིན་བཞིན་མང་དུ་འགྲོ་བ་དེས་འཕེལ་ཕྱོགས་དེར་སྔར་བས་མཐུན་རྐྱེན་བསྐྲུན་པ་མངོན་ཡོད་ཅེས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།