“གསར་གཏོད་ནི་འཛམ་གླིང་ཐོག་ཀྲུང་གོའི་མིང་བྱང་གསར་པར་གྱུར་ཡོད”
ཉེ་བའི་དུས་སྐབས་ཤིག་རིང་། “རྩལ་ལ་བྱང་བའི”ཀྲུང་གོའི་འཕྲུལ་མིས་གར་སྟེགས་དང་འགྲེམས་ཚོགས་མང་པོར་འཁྲབ་སྟོན་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་སྟོར་གྱི་ཡོད།
འཕྲུལ་མིའི་ཐོན་ལས་གང་མགྱོགས་རིམ་པ་བརྗེས་པ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་གཞུང་སྣ་ཚོགས་ལ་གཏོང་བའི་བར་དང་། མི་ཐབས་རིག་ནུས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བར་ཁྱོན་ཡོངས་ནས་མཐུན་རྐྱེན་སྦྱར་བ་ནས་ལག་རྩལ་གསར་པའི་ཁྲོམ་ར་ཆེན་པོས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་འཕེལ་རྒྱས་གཏོང་བར་ཡོང་བའི་ཡིད་དབང་བཀུག་པའི་བར། “ཀྲུང་གོའི་བཟོ་སྐྲུན”གྱིས་རང་ངོས་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་བསྣན་ཡོད།
འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་བཏོན་ནས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱེད་པ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་གཙོ་བོ་ཆེན་པོ་བདུན་གྱི་ཨང་དང་པོར་བཞག་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ན། ཚན་རྩལ་གསར་གཏོད་ནི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་ཏུ་གྱུར་ཡོད།
“ཀྲུང་གོའི་གསར་གཏོད་འཕེལ་རྒྱས་ཀྱིས་འགོ་ཁྲིད་ནུས་པའི་ཁ་ཕྱོགས་གསར་པ་ཞིག་མཚོན་གྱི་ཡོད། དེ་ནི་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་གསར་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་ཀྲུང་གོའི་མིང་བྱང་གསར་པ་ཞིག་ཏུའང་གྱུར་ཡོད”ཅེས་མ་ལེ་ཞི་ཡའི་ཨེ་ཤེ་ཡ་གསར་པའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་ཝུང་ཧྲི་ཅེ་ཡིས་བརྗོད་པ་དང་། ཁོང་གིས། མི་ཐབས་རིག་ནུས་དང་ནུས་རྒྱུ་གསར་པའམ་ཡང་ན་གྲངས་འཛིན་ལག་རྩལ་གྱི་ཁྱབ་ཁོངས་གང་ཡིན་རུང་ཚང་མར་ཀྲུང་གོའི་རྣམ་པ་གསར་པ་མངོན་བཞིན་ཡོད་ཅེས་བརྗོད།
《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》དུ་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་བཀོད་པའི་ནང་། ཀྲུང་གོས་ལག་རྩལ་གསར་པའི་སྐྱེ་ཁམས་མ་ལག་དང་སྔོན་ཐོན་ལག་རྩལ་ལ་གཞི་བཅོལ་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་གཏོད་བཞིན་ཡོད་པ་དང་། དེས་འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་བསྟན་ཡོད།
ཁེན་ནི་ཡའི་ཨ་ཧྥེ་རི་ཁའི་སྲིད་ཇུས་ཞིབ་འཇུག་སུའོ་ཀྲུང་ཧྥེ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཏན་ཉི་སི·མུའུ་ནེ་ནེ་ཀྲུང་གོར་འཚམས་འདྲི་གནང་བར་ཐེངས་མང་ཕེབས་པ་མ་ཟད། ཀྲུང་གོའི་ཚོགས་འདུ་གཉིས་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་གནང་གི་ཡོད། ཁོང་གིས་ཀྲུང་གོའི་མི་ཐབས་རིག་གནས་དམངས་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཁྱབ་ནས་མི་ཐབས་རིག་ནུས་དེ་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་དང་ཟུང་འབྲེལ་གྱིས་གསར་གཏོད་བྱས་པ་དེས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་གསར་པ་གཅིག་ཏུ་བསྒྲིལ་ཡོད་ཅེས་བརྗོད།
བཅར་འདྲི་དང་ལེན་བྱེད་མཁན་ཕྱི་རྒྱལ་བས། གསར་གཏོད་ལ་སྐུལ་སྤེལ་གྱིས་ཀྲུང་གོ་དང་འཛམ་གླིང་དབར་གྱི་འཕེལ་རྒྱས་མཉམ་ལས་མགྱོགས་སུ་འགྲོ་སྲིད་ལ། ཚོགས་འདུ་གཉིས་ནས་མངོན་པའི་སྲིད་ཇུས་ཀྱི་ཕན་པས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གསར་གཏོད་མཐོ་སར་འགྱུར་བར་སྔར་བས་སྐུལ་མ་ཐེབས་ནས་འཛམ་གླིང་གི་དཔལ་འབྱོར་ལ་གོ་སྐབས་ཆེན་པོ་ཐོབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
གོ་ལ་ཧྲིལ་པོར་སྐད་གྲགས་ཡོད་པའི་དབྲག་འཁོར་བཟོ་མཁན་འཇར་མན་གྱི་ཁའེ་ཨའོ་ཚོགས་པས་ཀྲུང་གོར་མ་འཇོག་ལོ་མང་པོ་བྱས་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྐོར་གླེང་སྐབས། ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ལུའོ་པུའུ་·ཧྲི་སྨི་སི་ཡིས། རྒྱལ་ཁབ་ཀྱི་འཆར་འགོད་མཛུབ་ཁྲིད་འོག་ཀྲུང་གོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལག་རྩལ་གསར་པར་ལག་ལེན་གྱི་གོ་སྐབས་མང་པོ་སྦྱིན་ཏེ་ཀྲུང་གོའི་གསར་གཏོད་ཀྱིས་རྒྱལ་ཁབ་ཁག་གི་ཁེ་ལས་ལ་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་བར་མཐོངས་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།
ཀྲུང་གོར་ཐེངས་མང་ཕེབས་མྱོང་བའི་རུ་ཝང་ཏའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་རིགས་གཅིག་མཁས་ཅན་དབྱི་སི་མེར་·པུའུ་ཁན་ནན་གྱིས། ཀྲུང་གོའི་ལྗང་མདོག་ཚན་རྩལ་གྱིས་ཀྲུང་གོའི་གྲོང་ཁྱེར་སྔར་བས་སྔོ་ལྗང་ལྡན་པར་གྱུར་པ་མ་ཟད། རུ་ཝང་ཏ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་ཡང་ཕན་པ་ཐོབ་ཡོད། “ཀྲུང་གོའི་ཀུང་སིས་ཇུས་འགོད་བྱས་པའི་ཆུ་གློག་རྣམ་གྲངས་དང་གཞུང་ལམ་དུ་སྐྱོད་བཞིན་པའི་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཚང་མས་ང་ཚོའི་ཁོར་ཡུག་ལེགས་སུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་རམ་འདེགས་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།
འབྲེལ་ཡོད་གསར་འགྱུར།