དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་དོན་གྲུབ་ཀྱིས་གསུངས་དོན།

    མང་ཚོགས་དེ་བས་མང་བར་བོད་ལུགས་གསོ་རིག་གི་ཕན་པ་ཐོབ་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-12

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་དོན་གྲུབ་ཡིན་པ།

    བོད་ལུགས་གསོ་རིག་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་གསོ་བ་རིག་པའི་མཆོག་ནོར་ཞིག་ཡིན་ལ། ལོ་ངོ་སྟོང་ལྷག་རིང་རྒྱུན་འཛིན་བྱས་ནས་དམིགས་བསལ་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་མངོན་གསལ་དོད་པའི་ནད་ཐོག་སྨན་བཅོས་ཀྱི་ནུས་པ་ལྡན་ཡོད། ལྷག་པར་དུ་ས་མཐོའི་གྲུམ་ནད་དང་གཅོང་ནད། དེ་བཞིན་རྩད་ཆོད་དཀའ་བའི་ནད་གཞི་སྣ་ཚོགས་སྨན་བཅོས་བྱེད་པར་ཚབ་བྱེད་ཐབས་བྲལ་བའི་ལེགས་ཆ་ཆེན་པོ་ལྡན་ཡོད།

    བོད་ཀྱི་སྨན་བཅོས་ཀྱི་འཐབ་ས་དང་པོར་ཡུན་རིང་ཕྱག་ལས་གནང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་རྟག་ཏུ་ཐུགས་ལ་བཅངས་ཤིང་ཡང་ཡང་བསམ་བློ་གཏོང་བ་ནི། མིག་སྔའི་བོད་ལུགས་གསོ་རིག་གི་གནས་བབ་འོག་ཏུ། དགོས་མཁོ་ཡོད་པའི་རྒྱལ་ཡོངས་ཀྱི་མང་ཚོགས་དེ་བས་མང་བར་བོད་ལུགས་གསོ་རིག་གི་ཕན་པ་ཐོབ་པར་བྱེད་དགོས་པ་དེ་ཡིན།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག བོད་ལུགས་གསོ་རིག་གི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་མི་དེ་བས་མང་བས་བོད་ལུགས་གསོ་རིག་ལ་རྒྱུས་མངའ་ལོན་ནས་ཁས་ལེན་བྱེད་ཀྱི་ཡོད་ལ། ལྗོངས་ཕྱིའི་མང་ཚོགས་མི་ཉུང་བ་ཞིག་གིས་ཀྱང་བོད་ལུགས་གསོ་རིག་གི་སྨན་པ་དང་བོད་སྨན་བསྟེན་ཞིང་། བོད་ལུགས་གསོ་རིག་གི་དམིགས་བསལ་གྱི་སྨན་བཅོས་ནུས་པར་གཅིག་མཇུག་གཉིས་མཐུད་ངང་བསྔགས་བརྗོད་བྱེད་ཀྱི་ཡོད། དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ་མང་ཚོགས་དེ་བས་མང་བས་བོད་ལུགས་གསོ་རིག་ལ་ཁས་ལེན་བྱེད་ཚད་དེ་བས་ཆེ་རུ་འགྲོ་ངེས་རེད།

    བཀྲ་ཤིས་དོན་གྲུབ་ཀྱིས་འགན་སྒྲུབ་དང་བརྟག་ཞིབ་བྱེད་རིང་། ད་ལྟ་སྤྱོད་བཞིན་པའི་སྨན་རྩིས་ཁང་གི་སྨན་རྫས་ལས་སྣོན(ཐོ་བཀོད་ཨང་གྲངས)ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཐོ་བཀོད་ཚགས་འཇུག་བྱས་པའི་བོད་སྨན་དག་སྦྱོར་བཟོ་བྱེད་སའི་སྨན་ཁང་ཁོ་ནའི་ནང་སྤྱོད་པ་ལས་ཕྱི་རོལ་དུ་སྤྱོད་ཆོག་གི་མེད་པ་ཤེས་རྟོགས་བྱུང་ཡོད། “དེའང་གསལ་པོར་བཤད་ན། ལས་སྣོན་བྱས་པའི་སྤུས་ལེགས་བོད་སྨན་དག་ཞིང་ཆེན་གཞན་དང་ལྗོངས་ཕྱིའི་དགོས་མཁོ་ཡོད་པའི་ནད་པས་སྤྱོད་པར་ངེས་པར་དུ་རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཐོ་བཀོད་ཞིབ་བཤེར་ཆོག་མཆན་ཐོབ་དགོས་ཀྱི་འདུག”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲད་གནང་བ་རེད།

    བཀྲ་ཤིས་དོན་གྲུབ་ཀྱིས“ངས་ལྗོངས་ཕྱིའི་ནད་པ་ཁ་ཤས་དང་འབྲེལ་བ་བྱས་མྱོང་། ཁོང་ཚོས་བོད་དུ་ཡུལ་སྐོར་བྱེད་པའམ་ཡང་ན་གཞུང་དོན་སྒྲུབ་སྐབས་བོད་སྨན་ཉོས་ནས་བཏང་བར་སྨན་བཅོས་ཀྱི་ཕན་འབྲས་ཧ་ཅང་ཡག་པོ་བྱུང་མོད། འོན་ཀྱང་ལྗོངས་ཕྱིར་བོད་སྨན་དེ་དག་ཉོ་ཐབས་མེད། བོད་ལུགས་གསོ་རིག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་བྱ་རྒྱུ་ནི། བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད”ཅེས་གསུངས།

    དེར་བརྟེན། བཀྲ་ཤིས་དོན་གྲུབ་ཀྱིས་བེད་སྤྱོད་ཀྱི་ཁྱབ་ཁོངས་གསལ་བ་དང་། ནད་ཐོག་སྨན་བཅོས་ཐད་ལོ་3ཡན་སྤྱད་པ། སྤུས་ཚད་བརྟན་པོ་དང་བློས་འགེལ་ཆོག་པ་བཅས་ཀྱི་ལས་སྣོན་བྱས་པའི་སྨན་རྫས་ཞིང་ཆེན་སྒྲོལ་བའི་རྒྱུན་གཏན་གྱི་སྨན་སྦྱོར་མིང་གཞུང་ནང་བཅུག་སྟེ། ཞིབ་བཤེར་ཆོག་མཆན་འགོད་བའི་དབང་ཆ་གཤམ་སྤྲོད་དང་ཆོག་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་བོད་སྨན་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་བཟོ་བ། རྒྱལ་ཡོངས་ཀྱི་བོད་སྨན་སྨན་ལོག་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་སྟེགས་གཏོད་པ་བཅས་བྱས་ཏེ་སྨན་སྤྱོད་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ། སྨན་བཅོས་འགན་བཅོལ་དང་འཁོར་རྒྱུག་གི་ལེ་ལག་ཚང་བའི་སྲིད་ཇུས་བཏོན་ནས་གཏན་འབེབས་དང་མཐུན་པའི་བོད་སྨན་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་ཁོངས་སུ་འཇུག་རྒྱུར་སྐུལ་འདེད་གཏོང་བ། སྨན་རྩིས་ཁང་དང་ལྗོངས་ཕྱིའི་སྨན་བཅོས་སྒྲིག་གཞིའི་དབར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་བོད་སྨན་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་རྒྱལ་ཡོངས་སུ་མི་དེ་བས་མང་བར་ཕན་པ་ཐོབ་པར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།