ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།
—— རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས“ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་གནང་བ།
ཉིན་ཤས་བསྟུད་མར། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་ཏན་ཏིག་གནང་ཞིང་། བྱེ་བྲག་གི་ལས་དོན་དང་ཟུང་འབྲེལ་གྱིས་གྲུབ་འབྲས་དང་ངོས་འཛིན་གླེང་ལ། འཕེལ་རྒྱས་ཀྱི་མདུན་ལམ་ལ་བགྲོ་གླེང་གནང་ཡོད།
“མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པས། དུས་རབས་གསར་པའི་མི་རིགས་ལས་དོན་གྱི‘གཙོ་གནད་ལས་འགན་ཆེན་པོ་ལྔ’ལ་དམིགས་ནས‘དོན་ཆེན་བཞི’དོན་འཁྱོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས”
“ཁུལ་ཁོངས་ཀྱི་མི་རིགས་ཀྱི་སྤུས་རྟགས་བཏོད་དེ་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས”
“བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པས། མཚོ་བོད་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་བཅས་མུ་མཐུད་སྲུང་སྐྱོང་ཡག་པོ་བྱེད་དགོས”
“ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ས་མཐོའི་མཛེས་མཐུན་གྱི་གྲོང་གསེབ་སྐྲུན་པར་ཤུགས་སྣོན་རྒྱག་དགོས”
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོར་ངོས་འཛིན་དང་གྲོས་འགོ་དེ་དག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པར་གདེང་ཚོད་དང་། བློ་གྲོས། སྟོབས་ཤུགས་བཅས་ཆེན་པོ་བསྣན་ཡོད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་བཏོན་ཞིང་། “ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་ངེས་གནས་དང་འཚམས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་ལུའོ་ཆིང་ཝུའུ་ཡིས་གསུངས།
ཆབ་མདོ་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་སྦྲེལ་མཐུད་རྟེན་གཞི་དང་བོད་ཤར་ལྷོའི་ནུས་རྒྱུ་གཙང་མ་གསོག་འཇོག་དང་གསར་སྤེལ་རྟེན་གཞི་ཡིན་ཞིང་། ཆུ་དང་། རླུང་། འོད་ཤུགས་སོགས་ནུས་རྒྱུ་གཙང་མའི་གསར་སྤེལ་བྱེད་ཆོག་པའི་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་3.82ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས་བསྐྲུན་པའི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1900ཟིན་པ་དང་ལྗང་གློག་གི་ཐོན་རྫས་རིན་ཐང་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ལས་བརྒལ་ནས་བཟོ་ལས་ཀྱི་འདེགས་སྐྱོར་སྟོབས་ཤུགས་གཉིས་པར་གྱུར་ཡོད།
སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་ལ་གྲོས་ཞིབ་གནང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་ཙང་ཡོན་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་གི་ཀྲུའུ་རེན་ལྷག་ཆུང་གིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཞིང་། ཁོང་གིས“སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་ལྗང་མདོག་བྱེད་ཐབས་ཁ་གསལ་བཏོན་ཡོད་པས། ང་ཚོས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་ལག་ལེན་བསྟར་ནས། ལག་རྩལ་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་མཉམ་སྒྲུབ་ཐུབ་པ་བྱེད་དགོས”ཞེས་གསུངས།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱིས་ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་བརྟན་པོ་བྱུང་ཡོད། ཁྱད་ལྡན་ཐོན་ལས་དང་། ཚན་རྩལ་གསར་གཏོད། དམངས་འཚོའི་ཞབས་ཞུ་སོགས་ཁྱབ་ཁོངས་སུ་རྒྱུན་མཐུད་ཚད་བརྒལ་བྱུང་ནས་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད།
“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པ་དང‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ཞིབ་བཀླགས་རྗེས། བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཐད་ང་ལ་གདེང་ཚོད་ཀྱིས་ཁེངས་སོང”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་གྱིས་དེ་ལྟར་གསུངས།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཏེ་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་ལེགས་སྒྲུབ་བྱེད་པ་དང་རིག་གནས་ཤུལ་བཞག་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་དང་། ལྟ་འདོམས། ལུགས་མཐུན་བེད་སྤྱོད་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཏོན་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས། འདས་ཟིན་པའི་ལོ་གཉིས་ནང་། ཏང་དང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་ནས་ལྷོ་པ་རིགས་ཀྱི་སྐད་ཡིག་དང་། ལོ་རྒྱུས། སྲོལ་རྒྱུན་ལག་རྩལ། གླུ་གར་དང་གྱོན་ཆས། ཁྱད་ལྡན་ཡུལ་མིའི་སྡོད་ཁང་སོགས་ལ་མྱུར་སྐྱོབ་དང་སྲུང་སྐྱོང་བྱས་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མ་ལག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་མཉམ་འདྲེས་འཕེལ་རྒྱས་བྱེད་ཐབས་ལ་བརྟེན་ནས་ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་པ་བསྣན་ཡོད།
བོད་ཀྱིས་འབྲུ་རིགས་ཐོན་སྐྱེད་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ་ནས་ཀྱི་ཐོན་ལས་ལ་ཐོན་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་2025ལོར་ནས་ཀྱི་ཐོན་འབོར་ཏུན་ཁྲི་90ལས་ཐོག་མར་བརྒལ་བ་དང་འདེབས་ཁྱོན་མུའུ་ཁྲི་230ཡན་རྒྱུན་མཐུད་བརྟན་པོ་ཐུབ་སྟེ་འབྲུ་རིགས་བདེ་འཇགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། “ནས་ནི་བོད་ཀྱི་འབྲུ་རིགས་སྐྱེ་དངོས་གཙོ་བོ་ཡིན”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས“ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་གནད་དེ‘གྲངས་འབོར་འཕར་བ’ནས‘སྤུས་ཚད་མཐོ་རུ’གཏོང་བའི་ཕྱོགས་སུ་འགྱུར་བར་བྱེད་དགོས། དེ་ཡང‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་འཆར་ཟིན་ནང་བཏོན་པའི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན”ཞེས་གསུངས།
འབྲེལ་ཡོད་གསར་འགྱུར།