དམངས་ལ་ཕན་པ་དངོས་ཐོབ་པར་བྱེད་པའི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ།
—— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་ལས་དོན་ཟུར་བྲིས།
གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་བསྟུན་ནས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ས་གཞི་ཆེན་པོར་རེ་བའི་མྱུ་གུ་གསར་པ་འབུས། དེ་ཡང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་རུ་མི་ཚོས་ཡིག་ཁུག་ཁྱེར་ནས་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་བསྒྲུབས་ནས་གྲོང་གསེབ་དར་རྒྱས་ཀྱི་རྒྱུགས་ལན་འབུལ་བཞིན་མཆིས།
ཞིང་ནང་དུ་སྲིད་ཇུས་སྒྲོག་འགྲེལ་བྱས་པ།
བསམ་བློར་སྣེ་ཁྲིད་བྱེད་པར་ཚོགས་འདུ་འཚོག་པ་ཕུད། ད་དུང་ཁྱིམ་ཚང་དང་ཞིང་ནང་དུ་བསྐྱོད་དེ་སྣེ་ཁྲིད་བྱེད་ཆོག་པས། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་རྗེས་སྲིད་ཇུས་ཀྱི་དོན་ཚན་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆར་བསྒྱུར་ཡོད།
གྲོང་བདུན་སྡེ་ཁུལ་གྱི་ནས་ཞིང་ནང་དུ་རུ་མི་ཚོས་ཞིང་པ་ཚོའི་ངལ་གསོའི་བར་གསེང་དང་བསྟུན་ནས་མང་ཚོགས་ལ་འཐུང་ཆུ་སྤྲོད་ཞོར་ཁ་གསབ་དང་བགོ་འགྲེམས་ཀྱི་སྐོར་གླེང་ཞིང་། ཁོང་ཚོས་སྒྲོག་འགྲེལ་ཚོགས་འདུ་ཞིང་ནང་དུ་འཚོགས་པ་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་དུ་སྲིད་ཇུས་གསལ་འགྲེལ་བྱས་ཡོད། རིམ་རྩིས་བརྒྱབ་ན་སྒྲོག་འགྲེལ་ཐེངས་600ལྷག་ཙམ་བྱས་པ་དང་། མ་གཞི་ཚིག་སྦྱོར་སྙན་པོ་མེད་ཀྱང་གྲོང་སྡོད་རུ་མིའི་སྐད་ཆ་ནི་སྦྲང་ཆར་ཟིལ་མ་ལྟར་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་ཡོངས་སུ་བརླན་ཡོད། ཁེར་སྡོད་རྒན་རྒོན་འཕྲད་སྐབས་རུ་མི་ཚོས་སྐད་ཆ་དལ་པོས་འགྲེལ་བཤད་ཡང་ཡང་རྒྱག་བཞིན་ཡོད་པ་དང་། ཕྱིར་གླ་པར་སོང་ནས་ཕ་ཡུལ་དུ་ལོག་པའི་མང་ཚོགས་འཕྲད་སྐབས་རུ་མི་ཚོས་ཉེ་འགྲམ་གྱི་འབབ་འཕར་དཔེ་མཚོན་དྲངས་ནས་ཇི་ལྟར་བྱས་ན་ཕན་པ་ཡོད་མེད་ཤེས་སུ་འཇུག་གི་ཡོད། དེས་ན། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་ཐུབ་པ་བྱུང་ཡོད།
བྱ་བ་དངོས་བསྒྲུབས་ནས་སེམས་ཁྲལ་བསལ་བ།
གྲོང་སྡོད་ལས་དོན་ལ་ཕན་འབྲས་གང་འདྲ་ཐོན་ཡོད་མེད་མང་ཚོགས་ཀྱི་དགའ་སྐྱིད་ལྡན་པའི་བཞིན་ལས་ཤེས་ཐུབ་ལ་དོན་ཐོག་ཏུ་འཁྱོལ་བའི་བྱ་བ་དངོས་རེ་རེའི་ཁྲོད་ནས་དེ་བས་ཀྱང་མཐོང་ཐུབ།
གྲོང་བདུན་སྡེ་ཁུལ་གྱི་ཁང་པ་ཆུང་ཆུང་དེ་ནི་གཟུགས་པོ་འཁྲུད་ཁང་ཡིན་ཞིང་། དེར་གྲོང་མིས་བསྟོད་པའི་མཐེ་བོང་ཡང་ཡང་སྒྲེང་བཞིན་ཡོད། དེ་ཡང་རུ་མི་ཚོ་དུད་ཚང་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་སྐབས། མང་ཚོགས་ཀྱིས་གཟུགས་པོ་བཀྲུ་དཀའ་བའི་སྐོར་ཐེངས་མང་བརྗོད་ཡོད་དེ། དགུན་དུས་ཁྱིམ་དུ་གཟུགས་པོ་འཁྲུ་སྐབས་ཆམ་པ་ཕོག་སླ་པོ་ཡོད་པ་དང་ཡང་རྫོང་གྲོང་དུ་བསྐྱོད་ཚེ་ཕར་ཚུར་དུས་ཡུན་རིང་པོ་འགོར་གྱི་ཡོད་པ་རེད། དེར་བརྟེན་ལས་དོན་རུ་མི་ཚོས་གནད་དོན་དེ་འབྲི་དེབ་ཏུ་བཀོད་ལ་ལག་ལེན་དུ་བསྟར་ཞིང་། རུ་མི་ཚོས་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་དང་མ་དངུལ་གྲབས་གསོག་སོགས་བྱས་པ་མ་ཟད། ས་ཆ་འདེམས་པ་དང་ཇུས་འགོད་བྱེད་པ་ནས་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་ལས་དོན་ཚང་མའི་ནང་ཞུགས་ཡོད་ལ། ད་དུང་ཕོ་མོའི་འཁྲུད་ཁང་ལོགས་སུ་དབྱེ་ཡོད་པ་དང་ཁྲུས་རྩི་དང་རླུང་འབུད་འཕྲུལ་འཁོར་སོགས་ཀྱང་ཉོས་ཡོད། ཡུལ་མི་དཔའ་སྐྱིད་ཀྱིས་གཟུགས་པོ་བཀྲུས་ཚར་རྗེས་སྐྲ་འཕྱིད་ཀྱིན“དེ་སྔ་གཟུགས་པོ་བཀྲུ་རྒྱུ་ནི་རྙོག་དྲ་ཚ་བའི་ལས་ཀ་ཞིག་རེད། ཡིན་ནའང་ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་ཆུ་ཚ་པོས་གཟུགས་པོ་བཀྲུ་ཆོག་པ་མ་ཟད་སྒྲིག་བཀོད་ཀྱང་རང་ཁྱིམ་ལས་ཆ་ཚང་བ་འདུག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
དཔེ་མཚོན་སྣེ་ཁྲིད་ཀྱིས་མཉམ་ཤུཌ་གཅིག་ཏུ་བསྒྲིལ་བ།
གྲོང་ཚོ་ཚང་མར་བྱུང་བའི་འཕོ་འགྱུར་གྱིས་གྲོང་སྡོད་ལས་དོན་གྱི་བརྩེ་བ་དང་སྟོབས་ཤུགས་ལ་དཔང་པོ་བྱེད་ཀྱི་ཡོད།
རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོར་མཉམ་སྡེབ་ས་ཞིང་མུའུ་80ལྷག་ཙམ་གང་འགབ་ཅི་སྤྱོད་བྱས་ནས་འདེབས་འཛུགས་དུད་ཚང་50ལྷག་ཙམ་ལ་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་3200འཕར་བ་དང་ས་བོན་ཕྱིར་འཚོང་གི་ཡོང་འབབ་སྒོར་ཁྲི་16ཡོང་བར་སྐུལ་ཁྲིད་བྱས་པ་དང་། ལྷ་ཡུལ་ཤང་སྟོད་པ་གྲོང་ཚོར་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་ལ་བརྟེན་ནས་ས་ཞིང་མུའུ་4298ལ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་བསྒྲུབས་པར་ཡོང་འབབ་སྒོར་ཁྲི་24ལྷག་ཙམ་བྱུང་བ་དང་ས་བོན་རྒྱ་མ་ཁྲི་8.57འཚོང་རོགས་བྱས་པར་མང་ཚོགས་དུད་ཚང་140ལྷག་ཙམ་ལ་འབབ་འཕར་སྒོར་ཁྲི་26.4བྱུང་བ། སྦས་སྣ་གྲོང་ཚོའི་བགོ་འགྲེམས་ཚོགས་ཆེན་ཐོག་ཡུལ་མི་ཚོར་དངུལ་སྨར་སྒོར་ཁྲི་11.68དང་། འབྲས་འགྱིག་ཕད་60 ཇ་དམ་90བཅས་སྤྲད་ཅིང་། ལག་ཏུ་བགོ་འགྲེམས་ཀྱི་དངུལ་སྨར་ཁྱེར་བའི་ལོ་69ལ་སླེབས་པའི་སྒྲོལ་མ་གཡང་འཛོམས་ཀྱི་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར་འོང་།
ལས་ཁུངས་ནས་གཞི་རིམ་བར་ལས་གནས་ལ་འགྱུར་ལྡོག་བྱུང་རུང་། འགྱུར་བ་བྱུང་མེད་པ་ནི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དེ་རེད། ཁོང་ཚོས་གཤམ་སྐྱོད་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོཌ་དང་དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད། འཕྱོངས་རྒྱས་ཀྱི་ས་གཞི་ཆེན་པོར་དཔུང་ཁག་འདིས་ཞིང་ལས་སྟོབས་དང་ལྡན་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་ལེའུ་གསར་རྐྱང་མུ་མཐུད་རྩོམ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།