དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས།

    —— འཐུས་མི་དང་། ཨུ་ཡོན། ལས་བྱེད་མང་ཚོགས་བཅས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-03-12

    ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ནན་ཏན་གྱིས་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས‘སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ’བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པར་ཁྲིད་སྟོན་གྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས་པའི”ནན་བཤད་གནང་བ་རེད།

    འཆར་འགོད་ལ་གྲོས་བསྡུར་དང་། འཕེལ་རྒྱས་དོན་གཉེར། དམངས་འཚོ་གླེང་བ་བཅས་བྱེད་རྒྱུ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་ཁ་འབྲལ་ཐབས་མེད། ཉིན་ཤས་རིང་། འདི་ཉིད་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་འཐུས་མི་ཨུ་ཡོན་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད་པ་རེད།

    ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱས་ནས་འགན་འཁྲི་ཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པོ་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་སམ།

    སྲིད་དོན་ལས་རྗེས་འཇོག་པའི་རྩ་བའི་ཐབས་ལམ་ནི་མི་དམངས་མང་ཚོགས་ཀྱི་མིག་སྔའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་རྒྱུ་དེ་རེད། ཏང་ཡོན་དང་ལས་བྱེད་པས་མིག་སྔར་དམ་འཛིན་ནན་པོ་བྱེད་དགོས་ལ། ཕུགས་ལ་དམིགས་ནས་དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ། མི་རབས་རྗེས་མར་ཕན་པའི“མི་མངོན་པའི་གྲུབ་འབྲས”གཏོད་དགོས་པ་ལས། མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པའི“མངོན་སུམ་གྱི་གྲུབ་འབྲས”ལ་ལྟ་མི་རུང་།

    “བློ་མཐུན་ཞི་ཅིན་ཕིང་ཧོ་པེ་ཀྲེང་ཏིང་དུ་ཕྱག་ལས་གནང་སྐབས། དམངས་ཆེད་སྲིད་སྐྱོང་དང་། དམ་པ་དོན་གཉེར། འགན་ཁུར་ཕོད་པ། སྙིང་རུས་གཏན་འཁྱོངས་བཅས་གནང་ནས། དུས་རབས་གསར་པའི་ཏང་ཡོན་དང་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་མིག་དཔེ་བཟང་པོ་བཏོད་གནང་ཡོད”ཅེས་ཧོ་པེ་དངུལ་རྩ་སློབ་གླིང་གི་ཡོན་ཀྲང་དང་འཐུས་མི་དབྱང་ཝུའེ་ཁུན་གྱིས་གསུངས་པ་དང་། ཁོང་གིས“ང་ཚོས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ནས‘འཆར་གཞི་གཅིག་མཐར་ཕྱིན་པ་འགོད་རྒྱུ’མཐའ་འཁྱོངས་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཏེ། ཏང་དང་རྒྱལ་ཁབ་ལ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས”ཞེས་གསུངས་པ་རེད།

    “དོན་དངོས་དང་བསྟུན་པ་དང་ཆོས་ཉིད་བཞིན་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་བྱེད་པའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་རེད”ཅེས་ཀྲེ་ཅང་ནོར་དཔལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་ཨུ་ཡོན་ཀྲེང་ཡ་ལི་ཡིས་གསུངས་པ་དང་། ཁོང་གིས། ཡང་དག་པའི་ཐབས་ཇུས་ནི་གཞུང་ལས་ཁང་དུ་བསྡད་ནས་བསམ་བློ་ཡང་ཡང་བཏང་བ་ལས་བྱུང་བ་ཞིག་མིན། “འགོ་ཁྲིད་ཀྱི་ལས་འགན་འཁུར་མཁན་ལས་བྱེད་པས་གནད་དོན་གལ་ཆེན་ལ་ཇུས་ཐག་མ་བཅད་གོང་ངེས་པར་དུ་མིག་གཤམ་འོག་ལ་ལྟ་བའི་ཆོད་སེམས་དང་སློབ་ཕྲུག་ཆུང་ཆུང་བྱེད་འདོད་པའི་སྙིང་སྟོབས་ལྡན་པར་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་དགོས”ཞེས་གསུངས་པ་རེད།

    “ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་བཅའ་ཁྲིམས་དང་སྲིད་ཇུས་གཞིར་བཟུང་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་ཐུང་གི་བྱེད་སྟངས་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་རྒྱུ་གཏན་འགོག་བྱེད་དགོས”ཞེས་ཧྥུའུ་ཅན་ཉིང་ཏེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཕན་གོ་ཆང་གི་གསུངས་པ་དང་། ཁོང་གིས“ད་ལོ། ཉིང་ཏེ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བརྩིས་ནས་རྒྱུན་རྣམ་ཅན་གྱི་ཁྲིམས་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་གོ་རིམ་དོན་འཁྱོལ་ནན་པོ་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།

    ད་ལོ་ལོ་80ལ་སླེབས་པའི་ལི་ཀྲེན་ཧྥུའུ་ནི་ཧོ་པེ་ཀྲེང་ཏིང་རྫོང་ནས་ཡིན་ཞིང་། ལོ་40ལྷག་ཙམ་གྱི་གོང་ཀྲེང་ཏིང་རྫོང་གི་རིག་དངོས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་ཁོང་གིས“བློ་མཐུན་ཞི་ཅིན་ཕིང་ཀྲེང་ཏིང་རྫོང་དུ་ཕྱག་ལས་གནང་སྐབས་ལུང་ཤིན་དགོན་པ་དང་རུང་གོ་ཧྥུའུ་གཟིམས་ཤག་ཉམས་གསོ་གནང་སྟེ། ཀྲེང་ཏིང་རྫོང་གིས་གནའ་གྲོང་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་གནང་ཡོད”ཅེས་གསུངས་པ་རེད།

    “བློ་མཐུན་ཞི་ཅིན་ཕིང་གིས་གཏམ་སྤྱོད་ཚང་མ་ནས‘ཞལ་གསུང་དོན་དུ་འཁྱོལ་བ་དང་། དོན་རྩ་གནད་དུ་འཁེལ་བ་གནང་གི་ཡོད’ སྤྱོད་ཚུལ་བཟང་པོ་འདི་རིགས་ནི་ཏང་ཡོན་དང་ལས་བྱེད་པའི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་རེད”ཅེས་ལི་ཀྲེན་ཧྥུའུ་ཡིས་གསུངས་པ་རེད།

    འཆར་གཞི་འགོད་པར་དོན་འཁྱོལ་བྱེད་པ་ནི་གཙོ་བོ་ཡིན་ཞིང་། ཀྲེ་ཅང་ཡུང་ཁང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་དབྱང་ཞའོ་ཁའེ་ཡིས། “དོན་འཁྱོལ”ལ་དམིགས་ནས་ལས་ཀའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    “ང་ཚོས་གྲོང་ཚོ་དང་སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་གྱིས་དངོས་སྒྲུབ་ལ་བརྟེན་ནས་གྲུབ་འབྲས་དངོས་ཐོབ་རྒྱུ་མཐའ་འཁྱོངས་བྱས་ཏེ། བསམ་བློ་ཡོད་ཚད་ལས་སྒྲུབ་ལས་གཏོད་ཐད་གཏོང་བ་དང་། སེམས་ཤུགས་ཡོད་ཚད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་སྤྱད་དེ་གཞན་ལས་ལྷག་པའི་ཐོན་ཁུངས་སྔོག་འདོན་དང་ཁྱད་ལྡན་རྣམ་གྲངས་ཇུས་འགོད་ཧུར་ཐག་བྱེད་ཀྱི་ཡིན”ཞེས་དབྱང་ཞའོ་ཁའེ་ཡིས་གསུངས་པ་དང་། ཁོང་གིས། ཏང་ཡོན་དང་ལས་བྱེད་པས་གཞི་རིམ་དུ“གང་དུ་དཔོན་གནས་འཁུར་བ་ན། དེ་གར་བདེ་བ་སྐྲུན་པར་འབད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།