རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་ཀྲུང་གོའི་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པ།
“ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་འཛམ་གླིང་གི་དོན་སྙིང་ལྡན་ཡོད”
འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་པས། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
ཨེ་ཅིབ་ཀྱི་དུས་དེབ《ཕྱི་འབྲེལ་མཁས་པ》ཡི་སྟེང་དུ་རྩོམ་ཡིག་སྤེལ་བའི་ནང་འཁོད་དོན། འདི་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་ཞིབ་བཤེར་དང་བགྲོ་གླེང་བྱས་པ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནི་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཕྱོགས་ཡོངས་ནས་མཚོན་པའི་སྲིད་ཇུས་ཀྱི་ཕྱོགས་སྟོན་དང་། འཐབ་ཇུས་ཀྱི་བཀོད་སྒྲིག བྱ་སྤྱོད་ཀྱི་འཆར་གཞི་བཅས་རེད། དེ་དང་ཆབས་ཅིག སྔོན་དཔག་བྱས་ན། ཚོགས་འདུའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚན་རྩལ་རང་བརྟེན་གསར་གཏོད་སོགས་ཀྱི་བརྡ་རྟགས་རྒྱུན་མཐུད་གཏོང་རྒྱུ་ཡིན་པས། རྒྱལ་ཁབ་གཞན་དག་ལ་ཀྲུང་གོ་དང་ལག་རྩལ་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ་སོགས་ཀྱི་གོ་སྐབས་གསར་པ་རག་རྒྱུ་རེད།
“ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་འཛམ་གླིང་གི་དོན་སྙིང་ལྡན་ཡོད” 《ཕ་ཁི་སི་ཐན་ལྟ་ཞིབ་མཁས་པ་ཚགས་པར》དུ་རྩོམ་ཡིག་སྤེལ་བའི་ནང་འཁོད་དོན། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཆབ་སྲིད་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དཔལ་འབྱོར་འཕར་བ་དང་། ཐོན་ལས་འཕེལ་རྒྱས། ཚོང་དོན་ཕྱིར་གཏོང་སོགས་ཀྱི་དམིགས་ཚད་དང་དེ་བཞིན་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་དང་། མི་ཐབས་རིག་ནུས་གསར་གཏོད། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་སྲིད་ཇུས་བཀོད་སྒྲིག་གལ་ཆེན་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གནས་བབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད།
ཆི་ལིའི་མཉམ་ལས་ཁང་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་སུ་རྩོམ་ཡིག་སྤེལ་བའི་ནང་འཁོད་དོན། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་ཀྲུང་གོའི་འཕེལ་རྒྱས་འགྲོ་ཕྱོགས་ལ་སྣེ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ཁྲོམ་རའི་གནས་བབ་དང་། རྒྱལ་སྤྱིའི་ཚོང་དོན་མ་ལག དེ་བཞིན་ཚན་རྩལ་གསར་གཏོད་འཕེལ་རིམ་བཅས་ལ་ཡང་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། རྩོམ་ཡིག་ནང་ད་དུང་། ལ་ཏིང་མེ་གླིང་གི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་དང་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གཙོ་བོའི་གྲས་ཡིན་པའི་ཀྲུང་གོའི་སྲིད་ཇུས་ཀྱི་འཕེལ་ཕྱོགས་དེ་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཁེ་ཕན་དང་འཕེལ་རྒྱས་མདུན་ལམ་དང་དམ་པོར་སྦྲེལ་ཡོད་ཅེས་ནན་བཤད་བྱས་ཡོད་པ་རེད།
ཉེ་ཆར། ཡོ་རོབ་ཀྱི《དེང་རབས་ཕྱི་འབྲེལ》དུ་མིང་བཀོད་རྩོམ་ཡིག་ཅིག་སྤེལ་བའི་ནང་བསྟན་དོན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་མཚོན་ན། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ཏེ། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་སྔར་བས་བསྟུན་མཁས་དང་སྣེ་མང་གི་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
(འདི་ག་ཚགས་པར་ཁང་དུ་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།