དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགྲིམ་འགྲུལ་དོ་དམ་ནན་དུ་བཏང་། མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ལྡན།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་དགུན་དུས་གཞུང་ལམ་འགྲིམ་འགྲུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-11

    འདི་ནི་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལམ་དུམ་གཙོ་བོར་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    དགུན་ཁ་དང་ལོ་འགོར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས“བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་བགྲོད་བཅས”ཡོང་བའི་དམིགས་ཚད་ལ་དམིགས་ཏེ། བྱ་ཐབས་རབ་དང་རིམ་པ་ཏན་ཏིག་སྤྱད་ནས་གཙོ་གནད་རླངས་འཁོར་གྱི་ཁ་ལོ་བའི་དབྱིངས་ཞུགས་རྣམ་པའི་བདེ་འཇགས་སློབ་གསོ་ནས་དགུན་དུས་མྱུར་བགྲོད་གཞུང་ལམ་ལ་ཆེད་དོན་ཞིབ་བཤེར་ཡོ་བསྲང་བྱེད་པའི་བར་དང་། དེ་ནས་གྲོང་ཁྱེར་གྱི་ལམ་དུམ་དུ་གཏན་འབེབས་ལས་འགལ་ནས་རླངས་འཁོར་འཇོག་རིགས་བཅོས་སྒྲིག་བྱེད་པའི་བར་གཞུང་ལམ་འགྲིམ་འགྲུལ་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་དང་། བཀྲ་ཤིས་འཆམ་མཐུན་ངང་དུས་ཆེན་གཏོང་རྒྱུ་ཡོང་བར་བྱས་པ་རེད།

    འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ།

    ལོ་འགོའི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་ཆེད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་སྟོད་ལུང་ལུང་ཐེང་ཀུང་སིའི་སྲིད་གཞུང་གི་གཞུང་དོན་རླངས་འཁོར་གྱི་ཁ་ལོ་བ་དང་། སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བ། འཐབ་ཕྱོགས་དང་པོར་ཁོར་ཡུག་འཕྲོད་བསྟེན་ལས་ཀ་བྱེད་མཁན་བཅས་ལ་ཕྱོགས་ནས་བརྗོད་དོན་ཁ་གསལ་ཞིང་ནང་དོན་ཞིབ་ཚགས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་མ་ཟད། ས་གནས་ས་ཐོག་གི་འབྲེལ་ཡོད་ཁ་ལོ་བ་སྒྲིག་འཛུགས་བྱས་ཏེ《འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་འཁྲིའི་གྲོས་མཐུན་ཡི་གེར》མིང་རྟགས་ཀྱང་འགོད་དུ་བཅུག་པ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དྲོད་ཚད་ཆག་པ་དང་ལམ་ངོས་སུ་འདྲེད་བརྡབ་ཤོར་བ་སོགས་དགུན་དུས་འགྲུལ་བཞུད་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

    དགུན་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    དགུན་དུས་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དོགས་ཟོན་ཏན་ཏིག་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་ཤར་བགྲོད་སྒྲིག་ལམ་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་མྱུར་བགྲོད་རུ་ཆེན་ལྷ་གཞིས་རུ་འབྲིང་གིས“ལས་འཛོལ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། ཤར་བགྲོད་འགན་ལེན”བཅས་ཀྱི་ལྟེ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་དགུན་དུས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཆེད་དོན་ཞིབ་བཤེར་ཡོ་བསྲང་བྱ་སྤྱོད་ཏན་ཏིག་སྤེལ་ཏེ། དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པའི་དམ་བསྒྲགས་རྣམ་པའི་ཐོག་ནས་དགུན་དུས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

    བྱ་སྤྱོད་སྤེལ་རིང་། ལྷ་གཞིས་རུ་འབྲིང་གིས་དགུན་དུས་གཞུང་ལམ་དུ་རླངས་འཁོར་འགྲོ་སྐྱོད་ཀྱི་ཆོས་ཉིད་དང་ཆུ་ཤུར་རྫོང་གི་གཅུས་ལམ་འོག་གི་འགྲིམ་འགྲུལ་གྱི་ཁྱད་ཆོས་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལས་སྒྲུབ་བྱེད་སྟངས་ལེགས་སུ་བཏང་སྟེ། “གནས་གཏན་འཁེལ་གྱི་བཅའ་སྡོད་དང་སྐབས་བསྟུན་སྐོར་གཡེང་ཟུང་འབྲེལ”གྱི་དོ་དམ་ཚོད་འཛིན་བྱེད་སྟངས་སྤྱད་དེ། གཅུས་ལམ་འོག་དང་ཉེ་འཁོར་གྱི་ལམ་དུམ་གཙོ་བོར་གནས་སྐབས་ཞིབ་བཤེར་གྱི་ས་ཚིགས་བཙུགས་པ་དང་ཆབས་ཅིག སྐོར་གཡེང་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས་སྐོར་གཡེང་བྱེད་ཐེངས་མང་དུ་བཏང་བས། གཙོ་གནད་ས་ཁོངས་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་ཁུག་གསང་མ་ལུས་པར་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    འགྲུལ་པ་ཤོང་ཚད་ཆེ་བ་དང་བདེ་འཇགས་ཀྱི་འགན་འཁྲི་ལྕི་བའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁྱད་ཆོས་ལ་དམིགས་ནས། ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འགྲུལ་སྐྱེལ་རླངས་འཁོར་གཙོ་གནད་ཞིབ་བཤེར་བྱ་ཡུལ་དུ་བརྩིས་ཏེ། རླངས་འཁོར་གྱི་བདེ་འཇགས་ལག་རྩལ་གྱི་གནས་ཚུལ་དང་། མེ་གསོད་ཆས་སོགས་འཕྲལ་སྡོམ་གྱི་སྒྲིག་ཆས་ཆ་ཚང་མིན་དང་གོ་ཆོད་མིན། ཁ་ལོ་བའི་ཐོབ་ཐང་ཚད་དང་མཐུན་མིན་ལ་ཞིབ་བཤེར་བྱས་པ་མ་ཟད། མི་ཚད་ལས་བརྒལ་ནས་བླུགས་ཡོད་མེད་དང་། ངལ་དུབ་ཀྱིས་མནར་བཞིན་དུ་རླངས་འཁོར་བཏང་ཡོད་མེད། འགྲུལ་པས་གཏན་འབེབས་ལྟར་སྲུང་ཐག་བཅིངས་ཡོད་མེད་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱས་ཏེ། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་འཁྲི་འབྱུང་རྩ་ནས་ནན་དུ་བཏང་ཡོད།

    རླངས་འཁོར་གང་བྱུང་དུ་འཇོག་པའི་སྣང་ཚུལ་ལ་བཅོས་སྒྲིག་བྱས་པ།

    མཁའ་ལམ་གྱི་ལམ་མདོ་ནས་ལེགས་བརྟན་ཐང་ཆེན་བར་གྱི་ལམ་མདོའི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་མང་ཚོགས་འགྲོ་སྐྱོད་བདེ་འཇགས་དང་ཤར་གཏོང་ཡོང་བར་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ལམ་དུམ་དེར་རླངས་འཁོར་གང་བྱུང་དུ་བཞག་རིགས་ལ་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་བྱས་ཤིང་། “ཞིབ་བཤེར་ཐག་གཅོད་ནན་པོ་དང་དྲིལ་བསྒྲགས་སློབ་གསོར་སྣང་ཆེན་ཟུང་དུ་འབྲེལ་བའི”ཐབས་གཉིས་མཉམ་སྤྱོད་ལ་བརྟེན་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པར་བྱས་པ་རེད། བཅོས་སྒྲིག་བྱེད་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ལམ་དུམ་དེའི་མཐའ་འཁོར་དུ་ཚོང་ལས་གཅིག་སྡུད་ཆེ་བ་དང་། མི་དང་རླངས་འཁོར་མང་བའི་དོན་དངོས་ལ་དམིགས་ཏེ། “གནས་གཏན་འཁེལ་གྱིས་དོ་དམ་ནན་པོ་དང་སྐབས་བསྟུན་སྐོར་གཡེང་ཟུང་འབྲེལ”གྱི་ལས་སྒྲུབ་བྱེད་སྟངས་སྤྱད་ཡོད།

    “སི་ཅི་ལགས། འདིར་རླངས་འཁོར་བཞག་ན་འགྲིག་གི་མ་རེད། ལམ་སེང་གཏོང་ཕེབས་རོགས”ཞེས་ཁ་ལོ་བས་རླངས་འཁོར་གང་བྱུང་དུ་བཞག་པར་མི་དམངས་ཉེན་རྟོག་པས་ཁ་ལོ་བར་ལམ་སེང་ཁ་ཏ་བསླབ་བྱ་བྱས་པ་རེད། ཁ་ཏ་བསླབ་བྱ་ག་ཚོད་བྱས་ཀྱང་ཡོ་བསྲང་མི་བྱེད་པའམ་ཡང་ན་ཁ་ལོ་བ་ཡུལ་དངོས་སུ་མེད་རིགས་ལ་ཁྲིམས་ལྟར་ཆད་པ་བཅད་པ་དང་ཆབས་ཅིག མི་དམངས་ཉེན་རྟོག་པས་མེ་ཟོན་བགྲོད་ལམ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས། མི་འགྲོ་སའི་ལམ་སོགས་སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་ཉེན་ཆེ་སར་རླངས་འཁོར་གང་བྱུང་དུ་བཞག་རིགས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཏན་ཏིག་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།