དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་སྐོར་གླེང་བ།
རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་དུས་བདེ་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ཡོང་མི་སྲིད། བོད་ཀྱི་མཐའ་མཚམས་ལམ་ཐིག་ལ་སྤྱི་ལེ་4000ལྷག་ཙམ་ཟིན་པ་དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཧེ་བག་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་སོགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ནང་དོན་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་བྱུང་། ལོ་འདི་དག་ནང་ཤང་གི་རྨང་གཞིའི་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། དམངས་འཚོའི་བྱ་བ་དངོས་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ཡོད། ཡུལ་མི་ཚོའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་དང་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ནས་རེ་སྒུག་གིས་ཁེངས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་མཐའ་མཚམས་འཛུགས་སྐྲུན་སྐོར་ནས་གླེང་འགོ་ཚུགས།
གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་ཐུབ་པ། དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་པ། གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་པ་ལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་ནས། གངས་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བོད་ནས་ཕྱིར་གཏོང་ཐུབ་སྟེ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་རྒྱུན་མཐུད་ཐུབ་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་ནས་ས་སྲུང་མཐའ་བརྟན་གྱི་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། བོད་ཀྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་སེར་བདེ་སྐྱིད་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་བཏོད་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྥང་ཧུང་གིས་གསར་འགོད་པར་གཏམ་རྒྱུད་ཅིག་མཉམ་སྤྱོད་གནང་བ་སྟེ། གྲོ་མོ་རྫོང་གྲོ་མོ་སྨད་ཤང་བང་མདའ་གྲོང་ཚོའི་ཡུལ་མི་ལྷ་མོའི་ནང་མི་དགུ་པོ་ཚང་མ་དེ་སྔ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་བརྟན་པོ་མེད་སྟབས་འཚོ་བ་སྐྱོ་པོ་ཡོད། མཐའ་དར་དམངས་ཕྱུག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས་ཁོང་ཚོ་ནང་མི་ཚང་མ་གུ་ཡངས་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། ཁྱིམ་གྱི་ངལ་ནུས་ལྡན་པའི་མི་ལྔ་པོར་ཡང་ལས་ཀ་རག་ཡོད། ད་ཆ་ལྷ་མོའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་19བར་མང་དུ་ཕྱིན་ནས་འཚོ་བ་སྐྱིད་དུ་སོང་ཡོད།
མཐའ་མཚམས་འཕེལ་རྒྱས་ཀྱི་སྲིད་ཇུས་ཁག་ལས་ལྷ་མོ་དང་འདྲ་བར་ཕན་པ་ཐོབ་མཁན་མང་ཚོགས་ད་དུང་མང་པོ་ཡོད། གཞིས་རྩེ་གྲོང་ཁྱེར་དུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། གྲོ་མོའི་ལུང་ཤུར་དང་སྐྱིད་གྲོང་ལུང་ཤུར་སོགས་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་5དང་། སྐྱིད་གྲོང་རྫོང་གི་རྟ་དམག་མཛེས་ལྗོངས་ཁུལ་སོགས་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་3ཡོད། “2025ལོར་མཐའ་མཚམས་རྫོང་9ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་311.67ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་43.47%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་15.02ཟིན་པ་དེ་དུས་མཚུངས་ལས་18.61%འཕར་ཡོད”ཅེས་ཝང་ཧྥང་ཧུང་གིས་གསུངས་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་ཆོས་ཡུལ་སྐོར་དང་། ལུས་གསོ་སྤྲོ་གསེང་། བཟའ་བཏུང་ཞག་སྡོད་བཅས་གཞི་གཅིག་ཏུ་འདུས་པའི་མཐའ་མཚམས་ཡུལ་སྐོར་ཐོན་ལས་རིམ་བཞིན་ཁྱད་ལྡན་ཅན་དང་། རྩེར་སོན་ཅན། སྤུས་རྟགས་ཅན་བཅས་ཀྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བར་དམངས་འཚོའི་དྲོ་སྐྱིད་དངོས་ལ་བརྟེན་དགོས།
“ད་ཆ་གཞོན་ནུ་དེ་བས་མང་བ་རང་འགུལ་ངང་མཐའ་སྲུང་སྐོར་གཡེང་གི་དཔུང་ཁག་ནང་ཞུགས་པ་དང་། ཚང་མའི་མཐའ་སྲུང་མཐའ་བརྟན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་བསྟན་འཛིན་གྱིས་གསར་འགོད་པར་གསུངས་པ་དང་། ཁོང་གིས། མངའ་རིས་ས་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཐོན་ལས་ཀྱི་ལྷན་སྦྱར་རྣམ་གྲངས་འཆར་འགོད་ལག་ལེན་བསྟར་བ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ། མཐའ་མཚམས་ས་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ། མཐའ་མཚམས་མང་ཚོགས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ས་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་བཅས་བྱས་ཡོད་པ་དང་། “མཉམ་ལྔ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་བྱེད་ཟབ་ཏུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་བརྩོན་ལེན་བྱས་ནས། བློ་སེམས་གཅིག་མཐུན་ངང་སྲུང་བཅད་བརྟན་དུ་གཏོང་བ་དང་ཁྱིམ་གཞིས་སྐྲུན་པའི་ས་མཐོའི་མཐའ་བརྟན་གྱི་ལམ་བུར་བསྐྱོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།