དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོས་གསུངས་དོན།

    བོད་ཀྱི་གསོ་བ་རིག་པ་ས་མཐོ་ནས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྤེལ་གཏོང་ཐུབ་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-11

    འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོ་ཡིན་པ།

    “བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་ལ། བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་གི་ལག་ལེན་ནང་གསོག་འཇོག་བྱས་པའི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཀྱང་ཡིན། ད་ཆ་གོ་ལ་ཧྲིལ་པོས་སྲོལ་རྒྱུན་གསོ་རིག་ལ་དོ་ཁུར་བྱེད་ཚད་ཇེ་མཐོར་འགྲོ་བ་དེ་ནི་ང་ཚོས་རྒྱལ་སྤྱིའི་ཐོག་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བའི་གོ་སྐབས་བཟང་པོ་ཞིག་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་སྨན་སྐྱིད་མཚོ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་གསུངས།

    བོད་ཀྱི་གསོ་བ་རིག་པའི་ལས་ལ་གཞོལ་ནས་ལོ་བཅུ་གྲངས་སོང་བའི་སྨན་སྐྱིད་མཚོ་མོས་བོད་ཀྱི་གསོ་བ་རིག་པར་རིན་ཐང་ཟབ་མོ་ལྡན་པ་མཁྱེན་ལ། བྱང་རྩྭ་ཐང་གི་འབྲོག་ར་ནས་ཉིའུ་ཅིན་སློབ་ཆེན་གྱི་སློབ་ཁང་བར་དང་། གཞི་རིམ་གྱི་སྨན་བཅོས་ཀྱི་འཐབ་ས་དང་པོ་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་རའི་བར། ཁོང་གིས“བོད་ཀྱི་གསོ་བ་རིག་པ་ས་མཐོ་ནས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྤེལ་གཏོང་བའི”དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད།

    རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་སྐད་ཆ་ཤོད་དབང་ཆེ་རུ་ཇི་ལྟར་གཏོང་རྒྱུའི་སྐོར་གླེང་སྐབས། སྨན་སྐྱིད་མཚོ་མོས་དང་ཐོག་ལམ་སྲོལ་ལེགས་སྒྲིག་བྱེད་དགོས་པའི་ངོས་འཛིན་གནང་ཞིང་། ཁོང་གིས“དཔེར་ན《1995ལོར་དེ་སྔའི་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་བོད་སྨན་གྱི་ཚད་གཞིར》བཟོ་བཅོས་རྒྱག་པའི་ལས་དོན་ཐད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་སྲིད་ཇུས་ཁག་བཏོན་ཏེ་བོད་སྨན་གྱི་སྣ་ཁ་དེ་བས་མང་བ་རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞིའི་མ་ལག་ནང་དེ་བས་ལས་ཕྱོད་ཆེན་པོས་འཇུག་པའི་མགྱོགས་ལམ་བཏོད་མོད། འོན་ཀྱང་ལས་དོན་དེའི་ལས་འགན་ལྕི་ལ་ལམ་ཐག་རིང་བས། ད་ཐེངས་ཀྱི་ཚོགས་འདུ་གཉིས་ལ་ངས་ཀྱང་འབྲེལ་ཡོད་ཀྱི་གྲོས་གཞི་བཏོན་ཡོད”ཅེས་སྨན་སྐྱིད་མཚོ་མོས་གསུངས།

    ཁོང་གིས། ངས་མུ་མཐུད་ལས་གནས་ཐོག་གཞི་ཚུགས་ཏེ། ཚོགས་འདུའི་རིང་རང་འགུལ་ངང་ས་གནས་ཁག་གི་ཨུ་ཡོན་དང་འབྲེལ་གཏུག་སྤེལ་རེས་བྱས་ནས་མི་རིགས་གཞན་དག་གི་གསོ་བ་རིག་པ་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཉམས་མྱོང་བཟང་པོ་དཔྱད་གཞིར་འཛིན་པ་དང་ཆབས་ཅིག བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏོང་བའི་ཞན་ཆ་མགྱོགས་མྱུར་བསལ་བ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕྱི་སྦྱོང་སློབ་མའི་སློབ་གླིང་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཆེད་ལས་ཀྱི་བྱང་ཚད་དང་རྒྱལ་སྤྱིའི་མིག་རྒྱང་གཉིས་ཀ་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་། མུ་མཐུད་ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་ཡུལ་ནད་སོགས་ཁྱད་ལྡན་ནད་རིགས་ལ་ཞིབ་འཇུག་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཐོག གནའ་བོའི་བློ་གྲོས་ཀྱི་ཉིང་བཅུད་འདི་ཉིད་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྤེལ་བཏང་ནས་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་འཛམ་གླིང་ཕྱོགས་སུ་སྐྱོད་པའི་མིང་བྱང་གལ་ཆེན་ལ་བསྒྱུར་ཏེ། ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་གནས་བབ་བརྟན་དུ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།