དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱང་སྐོར་ལམ་ནུབ་སྲིང་དང་། གླིང་ཁུལ་འབྲེལ་མཐུད། ལམ་ལྔ་མདོ་ཁའི་སྣོལ་ཟམ་བཅས་ལས་གྲྭ་ཆེན་པོ་གསུམ་ལ་མཉམ་དུ་སྐུལ་འདེད་གཏོང་བ།

    ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགྲིམ་འགྲུལ་འཆར་འགོད་ཀྱིས་གྲོང་ཁྱེར་གྱི་ལམ་དྲའི་འཆར་འགོད་གསར་པ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-11

    ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཆང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་གཙོ་གནད་རྣམ་གྲངས་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་གནང་ཞིང་། དེའི་ནང་བྱང་སྐོར་ལམ་ནུབ་སྲིང་གི་ལས་གྲྭ་དང་། མཐོ་གསར་ཁུལ་དང་། དོན་གྲུབ་དངུལ་རྩའི་གྲོང་། རིག་གནས་བསམ་བཀོད་གླིང་བཅས་འབྲེལ་མཐུད་ཀྱི་རྣམ་གྲངས། ལམ་ལྔ་མདོ་ཁའི་སྣོལ་ཟམ་ལས་གྲྭ་སོགས་འགྲིམ་འགྲུལ་ལས་གྲྭ་གལ་ཆེན་ཁག་གཅིག་2026ལོ་ནས་བཟུང་སྔ་རྗེས་སུ་ལག་བསྟར་བྱེད་འགོ་ཚུགས་པའམ་བསྐྲུན་ཚར་བར་བྱ་རྒྱུ་རེད། དེ་ཐོག་ནས་ལྷ་སའི“སྐོར་གཅིག་འཕྲེད་གསུམ་གཞུང་ལྔའི”ལམ་དྲ་གཙོ་བོ་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་བའི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱི“སྐོར་གཅིག་འཕྲེད་གསུམ་གཞུང་ལྔའི”ལམ་དྲ་གཙོ་བོའི་འགག་རྩའི་སྦྲེལ་མཐུད་ལས་གྲྭ་ཞིག་ཡིན་པའི་ངོས་ནས་བྱང་སྐོར་ལམ་ནུབ་སྲིང་འཛུགས་སྐྲུན་འཕེལ་རིམ་ལ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། ཝང་ཆང་གིས་རྣམ་གྲངས་དེ་བསྐྲུན་འགོ་ཚུགས་ས་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། པེ་ཅིང་ནུབ་ལམ་དང་འབྲེལ་ཞིང་། མཇུག་འགྲིལ་ས་དེ་རྒྱལ་ལམ་G109དང་། སྟོད་ལུང་ལམ་ཆེན། ཞང་ཞུང་ལམ་ཆེན་གྱི་ལམ་མདོའི་སྣོལ་མཚམས་སུ་ཡོད་ཁར་ལམ་ཐག་ཧྲིལ་པོར་སྤྱི་ལེ་17ཙམ་ཟིན་ཡོད། ལས་གྲྭ་དེ་འཆར་གཞི་ལྟར་ན་2026ལོར་སྤྱིར་ན་བསྐྲུན་ཚར་བར་བྱས་ནས་2027ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་སྔོན་དཔག་བྱས་ན་རྒྱལ་ལམ་G109ཡི་30%ཡན་གྱི་ཁོངས་སྒྲོལ་རླངས་འཁོར་ཕྱོགས་བགོས་ཐུབ་རྒྱུ་དང་། གྲོང་ཁུལ་གཙོ་བོ་ནས་སྟོད་ལུང་བདེ་ཆེན་ཆུས་ལ་སྐྱོད་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་ཐུང་དུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།

    ཝང་ཆང་གིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ལྷ་སས་མཐོ་གསར་ཁུལ་དང་། དོན་གྲུབ་དངུལ་རྩའི་གྲོང་། རིག་གནས་བསམ་བཀོད་གླིང་བཅས་གླིང་ཁུལ་ཆེན་པོ་གསུམ་དབར་ཕུག་ལམ་བསྐྲུན་ནས་ཐད་ཀར་འབྲེལ་མཐུད་ཐུབ་པ་བྱ་རྒྱུ་རེད། གཞུང་ལམ་འབྲེལ་མཐུད་རྣམ་གྲངས་ཀྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་5.096ཙམ་ཡོད་པའི་ནང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་3715(ཁྱོན་བསྡོམས་3)ཡོད་ཅིང་། ལས་གྲྭ་དེས་གླིང་ཁུལ་ཆེན་པོ་གསུམ་གྱི་མིག་སྔའི་སྐོར་སྐྱོད་ལམ་ཐག་རིང་བ་དང་། སྣེ་ཆད་གཞུང་ལམ་གྱིས་བར་ཆོད་པ། སྐྱོད་མཁན་མང་དུས་ལམ་འགག་པའི་གནད་དོན་ཚབས་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་གླིང་ཁུལ་དབར་སྐར་མ་10ཡི་ནང་ཐད་ཀར་སླེབས་རྒྱུ་དང་ཡོད་ཀྱི་ལྷོ་སྐོར་ལམ་དང་དུས་རབས་ལམ་ཆེན་སྐོར་མི་དགོས་པ་བྱ་རྒྱུ་རེད་ཅེས་གསུངས།

    ལོ་མང་རིང་གྲོང་མི་ཚོར་འཕྲད་པའི་ལམ་ལྔ་མདོ་ཁའི་འགྲིམ་འགྲུལ་འགག་པའི་གནད་དོན་ལ་དམིགས་ནས། ཝང་ཆང་གིས་ལམ་ལྔ་མདོ་ཁའི་སྒྱུར་བཀོད་ལས་གྲྭ་དེ་2026ལོར་དངོས་སུ་ལས་འགོ་འཛུགས་རྒྱུ་ཡིན་ཞིང་། ལས་གྲྭ་དེ་བསྐྲུན་ཟིན་རྗེས་གླིང་སྐོར་བྱང་ལམ་ནས་པེ་ཅིང་དཀྱིལ་ལམ་བར་སྐྱོད་པའི་དུས་ཚོད་ཐུང་དུ་འགྲོ་རྒྱུ་དང་། ལངས་གཟུགས་འགྲིམ་འགྲུལ་སྐྲུན་པ་དང་ལམ་དྲའི་གྲུབ་ཆ་ལེགས་སུ་གཏོང་བ། གྲོང་ཁུལ་རྙིང་པར་མགྱོགས་མྱུར་སྐྱོད་ཐུབ་པ་བཅས་བྱས་ཏེ་ས་ཁོངས་དེར་ཡུན་རིང་གནས་པའི་འགྲིམ་འགྲུལ་འགག་པའི་དཀའ་གནད་རྩ་བའི་ཆ་ནས་ཐག་གཅོད་བྱས་ཏེ་འགྲིམ་འགྲུལ་ཤར་གཏོང་གི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད་ཅེས་གསུངས།

    འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་རྣམ་གྲངས་དེ་དག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་དང་བསྟུན་ནས་གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་སོང་སྟེ་ས་ཁོངས་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།