མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་ཁྲ་ཆིལ་ལེར་བཞད་པར་བྱེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་པ།
2026ལོའི་ཟླ་3ཚེས་5ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། ཉིན་ཤས་བསྟུད་མར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་མི་དམངས་ཚོགས་ཁང་ཆེ་མོར་འཛོམས་ནས་ཁྲིམས་འཛུགས་ཆེད་ཐབས་འདོན་ཇུས་འབུལ་གནང་བ་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བར་དོན་སྙིང་གཏིང་ཟབ་ལྡན་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ཟིན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བ་དེ་དུས་ལ་བབས་པས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་ཐེབས་ཏེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པའི་ངོས་འཛིན་གནང་བ་རེད།
བསམ་བློའི་སྣེ་ཁྲིད་ཀྱིས་ཁ་ཕྱོགས་གསལ་སྟོན་བྱེད་པ། ——“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་ཡིན”
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བ་ནི་ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བསམ་གཞི་གལ་ཆེན་དེ་རྒྱལ་ཁབ་ཀྱི་བློ་སྟོབས་ལ་འགྱུར་བར་བྱ་རྒྱུ་དེ་རེད”
ཚོགས་ཆེན་ལ་བཅའ་ཁྲིམས་འཆར་ཟིན་གྱི་གསལ་བཤད་ནན་ཏན་ངང་གསན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཤིན་ཅང་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མོང་ནན་གྱིས“འཆར་ཟིན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལམ་ལུགས་དང་བཅའ་ཁྲིམས་ཐོག་ནས་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་འགན་ལེན་བྱས་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བཙུགས་ཏེ“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་ནས་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་ཁྲིད་སྟོན་བྱས་ཡོད།
ཟླ་3ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ་ཡོལ་ཙམ་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི“འཐུས་མིའི་བགྲོད་ལམ”ཐེངས་དང་པོར་ཡུན་ནན་ཝུན་ཧྲན་གྱི་ཀྲོང་རིགས་དགེ་རྒན་དང་འཐུས་མི་ནུང་ཅ་ཀུའེ་ཡིས་གྲོང་གསེབ་ཀྱི་སློབ་གསོར་ལེགས་སྐྱེས་ཕུལ་བ་དང་རི་གྲོང་གི་འཕོ་འགྱུར་ཆེན་པོ་དངོས་སུ་བརྒྱུད་མྱོང་བའི་གཏམ་རྒྱུད་ཇི་མ་ཇི་བཞིན་གླེང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་རྣམ་པ་མངོན་པར་བྱས་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་ལྟ་སྐབས་དེའི་ཡིག་འབྲུ་རེ་རེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་འོད་ཟེར་འཕྲོ་བཞིན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་ཁྱབ་བསྒྲགས་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པ་གསལ་སྟོན་བྱས་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་དོན་ནི། ཀྲུང་ཧྭ་མི་རིགས་ལོ་རྒྱུས་ནས་འབྱུང་འགྱུར་དུ་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་སུ་སྐྱོད་པ། སྣ་མང་ནས་གཞི་གཅིག་ཏུ་སྒྲིལ་བ་བཅས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཀྲུང་ཧྭ་མི་རིགས་འདི་ཉིད་མོས་སེམས་དེ་བས་མཐོ་བ་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་ཆེད་རེད།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དར་རྒྱས་གོང་འཕེལ་ཕྱིན་པ་བཅས་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་པའི་ངོས་འཛིན་གནང་བ་རེད།
འཆར་གཞི་བཀོད་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ——“ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་རིགས་ཁག་གོང་བུ་གཅིག་ཏུ་བསྒྲིལ་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས”
“པའོ་ཨན་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་བཟོས་པར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཀན་སུའུ་ཞིང་ཆེན་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་པའི་འཐུས་མི་ཏུང་ཚའེ་ཡུན་གྱིས་འཆར་ཟིན་གྱི་ནང་དོན་ཞིབ་ཕྲ་ཀློག་བཞིན་ལོ་བདུན་གོང་གི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་རེད།
“ང་ཚོར་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་མྱུར་བགྲོད་གཞུང་ལམ་མེད”ཅེས་2019ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་ཁོང་གིས་གཞི་རིམ་གྱི་རེ་ཞུ་བཏོན་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་འཚོག་ཡུལ་དུ་འཕྲལ་མར“པུའུ་ཨུད་ཁག་གི་བློ་མཐུན་ཚང་མ་འདི་གར་ཡོད་པས་འཐུས་མིའི་གྲོས་འགོ་དང་ལེན་ཧུར་ཐག་བྱེད་དགོས”ཞེས་གསུངས།
ལོ་དེར་ལིན་ཏ་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་ཚུགས། 2023ལོའི་ཟླ་11པར། ལིན་ཏ་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེ་ས་གནས་དེ་གའི་མང་ཚོགས་ཚོ་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་ཕྱུག་འགྱུར་ལམ་བུར་གྱུར།
འཆར་ཟིན་ནང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་དང་གཙོ་གནད་ལས་འགན་ཁ་གསལ་བཏོན་ཡོད་པ་དེས་ཏུང་ཚའེ་ཡུན་གྱི་སེམས་ཤུགས་རབ་ཏུ་འཕེལ་ནས“ངའི་ཕ་ཡུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་། ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དེ་བས་མང་བ་རྒྱ་ཆེའི་མི་རིགས་ས་ཁུལ་དུ་བཟོ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་རིགས་ཁག་གི་བུ་ཕྲུག་གིས་སེམས་ནུས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་འབད་འཐབ་བྱས་ཏེ་མི་རིགས་ས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།
འཆར་ཟིན་ནང་ཁེར་རྐྱང་གི་ས་བཅད་བཟོས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་མཐོང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ནའེ་ཞང་ལ་ངོས་འཛིན་གཅིག་མཐུན་བྱུང་བ་སྟེ། “སྡེ་ཁུལ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་བཏང་ནས་མི་སེར་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། གནད་ལ་འཁེལ་བ་བཅས་བསྒྲུབས་ཚེ། གཞི་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་ཐུབ”
མི་རིགས་ལྔ་བཅུ་ང་དྲུག་གཅིག་ཏུ་འདུས་པ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་ནང་སོག་གིས་མི་རིགས་ཁག་ཕན་ཚུན་བསྒར་རེས་རྣམ་པའི་འཕེལ་རྒྱས་གཏོང་བའི་སྤུས་རྟགས་བཏོད་དེ“ཁྱིམ་གཞིས་ལྔ”སྐྲུན་པར་སྐུལ་འདེད་གཏོང་བ་དང་། ཀུའེ་ཀྲོའུ་ཡིས་བཏོན་པའི“གྲོང་ཚོའི་BA”དང“གྲོང་ཚོའི་རིམ་འདས་འགྲན་བསྡུར”གྱི་བྱེད་སྒོ་སྐད་གྲགས་ཆོད་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་ཞིག་ཏུ་གྱུར་པ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི་སོགས་རྒྱུན་མཐུད་སྤེལ་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་སྟེགས་དང་གཞི་རྟེན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་སོགས་བྱས་ཡོད།
མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་རོལ་བཅས་ཀྱི་ཁོར་ཡུག་ཁྲོད། མི་རིགས་ཁག་གི་མང་ཚོགས་ཀྱིས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་བཅས་བྱས་ཏེ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཁྱོན་དང་གཏིང་ཟབ་ཚད་སྔ་ན་མེད་པ་བྱུང་ཡོད།
རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་སྟེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐུགས་ལ་བཅངས་གནང་ཡོད།
དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ“མི་རིགས་གཅིག་ཀྱང་ལུས་མི་རུང་བའི”ནན་བཤད་གནང་ཡོད།
ད་ཆ་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ལྷ་ཉིང་ལྕགས་ལམ་ཐོག་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཤར་མར་སྐྱོད་བཞིན་པ་དང་། ཝུའུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁུལ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་མང་པོར“ཀྲུང་གོས་བཟོས་པའི”ཅ་དངོས་བྱུར་བུར་བླུགས་ནས་ནུབ་ཕྱོགས་སུ་བྱ་འཕུར་བ་ལྟར་བསྐྱོད་པ་ལ་སོགས་ཉིན་གཅིག་ལ་ལེ་དབར་སྟོང་བསྐྱོད་པའི་མཆོང་སྐྱོད་ལས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་གྱི་ཡོད།
འདི་ནི་མི་རྣམས་ཧང་སངས་དགོས་པའི་མྱུར་ཚད་ཅིག་ཡིན་པ་སྟེ། ལོ་རེར་ཆ་སྙོམས་5.6%འཕར་ཡོད།
གྲངས་གཞི་ལས་མངོན་པར། 2020ལོ་ནས་2024ལོའི་བར་ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོང་ལྗོངས་ལྔའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་60129ནས་སྒོར་དུང་ཕྱུར་83766བར་འཕར་བ་རེད།
འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་རྨང་གཞི་ཡིན། འཆར་ཟིན་ནང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་དམིགས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
ཐེན་ཧྲན་ལྷོ་བྱང་ནས་གངས་ལྗོངས་ས་མཐོའི་བར་དང་། སའེ་པེ་རྩྭ་ཐང་ནས་ལྷོ་རྒྱ་མཚོའི་ངོགས་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་གནང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་དངོས་ཡོད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་འགྱུར་བཞིན་ཡོད།
སེམས་ནུས་གཅིག་སྒྲིལ་གྱིས་མ་འོངས་པར་ཕྱོགས་པ། ——“ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”
“དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་དགོས”
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་བཟོ་བ་ནི་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་རེད་ལ། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཁ་གཏད་གཅོག་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡང་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དང་མི་རིགས་ཁག་གི་མི་དམངས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཡིན།
ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཁོང་གིས“ཏང་གི་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར། གཡས་གཡོན་དང་གོང་འོག་གང་སར་ཁྱབ་པར་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། ཤིན་ཅང་ཧྲུའུ་ཧྥུའུ་རྫོང་ཡུ་གུར་རིགས་ཀྱི་ཡུལ་མི་ཞིག་གི་ཁྱིམ་དུ། ཁོང་གིས“མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཡིན་ཕྱིན་ཚང་མ་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཡིན”ཞེས་གསུངས་པ། བོད་ལྗོངས་ཉིང་ཁྲི་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པའི་ནང“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་སྐུལ་ལྕག་གནང་བ་རེད།
ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་མི་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་ཁག་གོང་བུ་གཅིག་སྒྲིལ་དང་། མི་རིགས་ཁག་འཕེལ་རྒྱས། མི་རིགས་ཁག་དར་རྒྱས་བཅས་གཏོང་མི་ཐུབ་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད།
ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས་པ་འབྱུང་འགྱུར་གྱིས་འབོད་སྐུལ་བྱེད་བཞིན་ཡོད།
རྒྱང་ལམ་གསར་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་འཆར་གཞི་ཞིག་ཡངས་པའི་ཀྲུང་ཧྭའི་ས་གཞི་ཆེན་མོར་འདིང་བཞིན་ཡོད།
རྒྱང་ལམ་གསར་པར། ངེས་པར་དུ་མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་ལན་ཀྲོའུ་ཤིན་ཡོན་དེང་རབས་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་པའི་འཐུས་མི་དབྱིན་ཅན་མིན་གྱིས“མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་ཙམ་མིན་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ནི་བརྟན་ལྷིང་ཞི་མཐུན་གྱི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། དེས་ན་ཁོར་ཡུག་དེ་རིགས་ལ་ཁྲིམས་སྐྱོང་གིས་སྲུང་སྐྱོང་བྱེད་དགོས” མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་གྱིས་མི་རིགས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་པ་གསོ་སྐྱོང་སོགས་ལ་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ལས་སྒྲུབ་ལས་གཏོད་བྱེད་པར་གདེང་ཚོད་སྔར་བས་ཆེ་རུ་བཏང་ཡོད་ཅེས་གསུངས་པ་རེད།
འཐུས་མི་དང་ཨུ་ཡོན་རྣམ་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོས་ཏེ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་མི་རིགས་ས་ཁུལ་ཁག་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མགྱོགས་མྱུར་མཉམ་འདྲེས་ཡོང་བར་རྒྱབ་སྐྱོར་བྱས་ཚེ། མི་རིགས་ཁག་གི་བུ་ཕྲུག་ཚོའི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་བ་རེད།
ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་བཀོད་ཟིན་པས། མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ངང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་བྱ་རྒྱུ་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།