ཨུ་ཡོན་ཞུས་ཤིང་གིས་གསུངས་དོན།
ཚན་རིག་ནི་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན།

ཚན་རིག་མཁས་ཅན་ཞིག་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་ཚན་རིག་ཁང་གནའ་རབས་སྒལ་རུས་སྲོག་ཆགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞུས་ཤིང་གིས་སློབ་གྲྭར་གཏུམ་འབྲུག་སྐོར་གྱི་གཏམ་རྒྱུད་བརྗོད་པར་ཐེངས་མང་བསྐྱོད་ཡོད། ཤིན་ཅང་དུ་ཡུ་གུར་རིགས་ཀྱི་བྱིས་པ་མང་པོ་ཞིག་གིས་ཁོང་མཐའ་ནས་བསྐོར་ཏེ་གནད་དོན་གཅིག་རྗེས་གཉིས་མཐུད་ངང་དྲིས་པ་དང་། ལེའོ་ཉིང་དུ་ཕྲུ་གུ་འགའ་ཤས་ཀྱིས་སྙན་སྒྲོན་ཉན་རྗེས་ཚན་རིག་བྱ་གཞག་ལ་ཡིད་སྨོན་བྱ་ཚུལ་བརྗོད་ཡོད། དེ་དག་ལས་ཚན་རིག་ཁྱབ་གདལ་ལས་དོན་གྱི་རིན་ཐང་ཚོར་ནས། ཞུས་ཤིང་གིས“ཚན་རིག་ནི་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པས་ཕྲུ་གུ་ཚོའི་སེམས་སུ་ཚན་རིག་གི་ས་བོན་འདེབས་ཚེ་ཁོང་ཚོའི་མི་ཚེའི་བགྲོད་ལམ་ལ་ངང་ངམ་ཤུགས་ཀྱིས་འགྱུར་ལྡོག་འབྱུང་སྲིད”ཅེས་གསུངས་པ་རེད།
ད་ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཞུས་ཤིང་གིས་ས་ཆ་མང་པོར་རང་ཉིད་ཀྱི“2026ལོའི་ཚན་རིག་ཁྱབ་གདལ”བྱ་བ་མུ་མཐུད་བསྒྲུབ་པར་བསྐྱོད་ཡོད། “ཚན་རྩལ་གསར་གཏོད་བྱེད་པ་དང་ཚན་རིག་ཁྱབ་གདལ་གཏོང་བ་ནི་གསར་གཏོད་འཕེལ་རྒྱས་ཡོང་བའི་གཤོག་ཟུང་ལྟ་བུ་ཡིན་པས། ངས་ཚན་རིག་ཁྱབ་གདལ་ལས་དོན་ནང་མུ་མཐུད་ཞུགས་རྒྱུ་མ་ཟད། ཚན་རྩལ་ལས་དོན་པ་དེ་བས་མང་བ་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ནང་ཞུགས་ཏེ་ཚན་རིག་ཁྱབ་གདལ་ལས་དོན་ལ་སྟོབས་ཤུགས་འབུལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།