དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་མཁན་གཙོ་བོ་ཡིན།

    —— ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ཏེ་ལཱ་པི་ཁེ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧོང་ཕེ་ཀྲའོ།   |     སྤེལ་དུས།  2026-03-10

    ཨའེ་ཧ་མའེ་ཏེ·ཨ་པུའུ་ཏུའུ·ཏེ་ལཱ་པི་ཁེ།

    ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ཨའེ་ཧ་མའེ་ཏེ·ཨ་པུའུ་ཏུའུ·ཏེ་ལཱ་པི་ཁེ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་འཆར་ཟིན་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཆོད་སེམས་བརྟན་པོ་མངོན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་བཅངས་པའི་ཕྱོགས་ཁག་གི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་བརྗོད།

    “ཀྲུང་གོ་གུང་ཁྲན་ཏང་ནི་དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁས་པོ་ཡོད”ཅེས་ཏེ་ལཱ་པི་ཁེ་ཡིས་བརྗོད་པ་དང་། ཁོང་གིས“ཀྲུང་གོས་ལོ་ལྔ་ཚན་རེའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པའི་ཉམས་མྱོང་གནད་སྨིན་བསགས་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད”ཅེས་བརྗོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོའི་དཔལ་འབྱོར་སྤྱི་འབོར་ལ“མཆོང་སྐྱོད་ཐེངས་བཞི་བསྟུན་མར”བྱུང་སྟེ། སྔ་རྗེས་སུ་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130 སྒོར་དུང་ཕྱུར་ཁྲི་140བཅས་ཀྱི་སྐས་རིམ་དུ་སླེབས་ཡོད། ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་རྒྱུན་འཁྱོངས་ཐུབ་ཡོད། ཏེ་ལཱ་པི་ཁེ་ཡིས། ལོ་5ཡི་རིང་། ཀྲུང་གོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་མི་ཐབས་རིག་ནུས་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ལ། ཀྲུང་གོ“འཛམ་གླིང་གི་བཟོ་གྲྭ”ནས“གོ་ལ་ཧྲིལ་པོའི་གསར་གཏོད་ལྟེ་གནས”ཕྱོགས་སུ་སྐྱོད་བཞིན་ཡོད། དེ་དང་ཆབས་ཅིག་ཀྲུང་གོས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ཡོད་ཅེས་བརྗོད།

    “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་འཆར་ཟིན་ནང་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་ཆེར་གཏོང་བ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད། སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་དབར་ཚོང་དོན་དང་། མ་འཇོག ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་འཕེལ་རྒྱས་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། འཕྲོད་བསྟེན་བདེ་ཐང་། ཡུལ་སྐོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་གསར་པ་རྒྱ་ཆེར་ཧུར་ཐག་བཏང་ཡོད། དེ་ཐོག་ནས་ཀྲུང་གོའི་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་དང་བསྟུན་མཁས་ཡིན་པ་དང་། འཛམ་གླིང་དང་འབྲེལ་བ་དམ་ཟབ་ཡོད་པ་ར་སྤྲོད་གང་ལེགས་བྱས་ཡོད”ཅེས་ཏེ་ལཱ་པི་ཁེ་ཡིས་བརྗོད།

    “‘ལོ་ལྔ་ཚན་བཅོ་ལྔ་པར’རྒྱང་ལྟ་བྱེད་སྐབས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་། འཐུས་སྒོ་ཚང་བའི་བཟོ་ལས་མ་ལག ཕུན་སུམ་ཚོགས་པའི་མི་ཤུགས་ཐོན་ཁུངས་བཅས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་ལ་སྔར་བཞིན་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་འཛོམས་ཡོད། ཀྲུང་གོའི་སྲིད་ཇུས་བརྟན་ཞིང་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ལེགས་སྐྱེས་འབུལ་མཁན་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་ཏེ་ལཱ་པི་ཁེ་ཡིས་བརྗོད་ལ། གདེང་ཚོད་དང་སྒོ་དབྱེའི་ཀྲུང་གོས་ཕྱོགས་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།