རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་སྒྲོན་གྱིས་གསུངས་དོན།
ཚན་ཞིབ་གྲུབ་འབྲས་དེ་ཚོད་ལྟ་ཁང་ནས་ཐོན་སྐྱེད་ལས་རིམ་དུ་སླེབས་པར་འབད་བརྩོན་བྱེད་དགོས།

འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་སྒྲོན་ཡིན་པ།
2025ལོའི་ཟླ་7པར། ལོ་གསུམ་རིང་འདེབས་གསོ་བྱས་པའི་མེ་ཏོག་རྫོང་གི་རི་སྐྱེས་ཅིན་ཤན་པད་མའི་མྱུ་གུ་ལྷ་ས་གྲོང་ཁྱེར་དུ་རྩ་སྤོས་བརྒྱབ་ནས་མེ་ཏོག་བཞད་པ་རེད།
“ང་ཚོའི་ཚོགས་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རྩི་ཤིང་མ་ལག་འདེབས་གསོ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་སྒྲོན་གྱིས་དགའ་ཚོར་ཆེན་པོས་གསུངས་ཤིང་། ཁོང་གིས“འདི་ནི་མེ་ཏོག་ཅིན་ཤན་པད་མ་ཉིད་ས་བབ་མཐོ་ལ་བལྟོས་བཅས་ཀྱིས་ཐན་ཤས་ཆེ་བའི་ས་ཁུལ་དུ་མཐུན་འཕྲོད་རང་བཞིན་གྱི་འདེབས་འཛུགས་ཐོག་མར་བྱས་པ་ཞིག་ཡིན། དེ་ཐོག་ནས་མཐོ་གྲང་ཁོར་ཡུག་ཏུ་སྐྱེ་དངོས་རྩ་ཆེན་གསོ་སྐྱོང་ལག་རྩལ་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་གྱི་ཡོད་པས། བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ལ་བསྐྱར་བཟོ་བྱེད་རུང་བའི་ཉམས་མྱོང་འདོན་རྒྱུ་རེད”ཅེས་གསུངས་པ་རེད།
ཉེ་བའི་ལོ་ཤས་རིང་། ཉི་སྒྲོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་མུ་མཐུད་དོ་ཁུར་གནང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་མང་བའི་ས་ཁོངས་ལ་དམིགས་ཏེ་འཐབ་ས་མདུན་མར་བསྐྱོད་དེ་འབྲེལ་ཡོད་ཞིབ་འཇུག་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་དགེ་མཚན་ལྡན་པའི་གྲོས་འགོ་མང་པོ་བཏོན་གནང་བ་རེད།
“ངའི་གྲོས་འགོ་ཁག་གཅིག་ནི་རང་ཉིད་ཀྱི་ཚན་ཞིབ་ལས་དོན་དང་འབྲེལ་བ་ཡོད། ངས་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཉི་སྒྲོན་གྱིས་གསུངས།
མིག་སྔའི་བར། ཉི་སྒྲོན་གྱི་ཚོགས་པས་མི་ཐབས་ཀྱི་གསོ་སྤེལ་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རྩི་ཤིང་སྣ་མའི་མེ་ཏོག་དང་། བོད་ཀྱི་ཤུག་པ་དང་དེ་བཞིན་མེ་ཏོག་ཆེན་པོའི་སྲོ་ལོ་དམར་པོ། སི་ཁྲོན་གྱི་སྙི་བ་སོགས་འདེབས་གསོ་བྱས་ཡོད་པ་རེད།
2025ལོ་ཁོ་ནར་བོད་ལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཚན་ཞིབ་ཚོགས་པ་མང་པོར་ས་ཁུལ་མི་འདྲ་བར་རྩི་ཤིང་དང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ་སོགས་སྐྱེ་དངོས་རིགས་གསར་པ་མང་པོ་རྙེད་པ་རེད། “འདི་དག་ལས་བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཡིན་པ་ར་འཕྲོད་གང་ལེགས་བྱུང་བ་དང་། སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ལྡན་ཡོད”ཅེས་ཉི་སྒྲོན་གྱིས་གསུངས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཚན་ཞིབ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཉི་སྒྲོན་གྱིས་ད་དུང་བསྒྲུབ་དགོས་པའི་ལས་དོན་མང་པོ་ཡོད་པ་གསལ་པོར་མཁྱེན་གྱི་ཡོད། ཁོང་གིས“ང་ཚོའི་ཚོགས་པས‘བྱས་འབྲས་ཐོབ་པར་ངས་མི་རྩོད’ཀྱི་བསམ་བློའི་འཁྱེར་སོ་དང‘བྱས་འབྲས་ཐོབ་པར་ང་ཡིས་འབད’པའི་འགན་འཁྲི་ཁུར་ནས་ནུས་ཤུགས་ཡོད་རྒུས་སྐྱེ་དངོས་རིགས་དེ་བས་མང་བ་ཉར་ཚགས་དང་། རིན་ཐང་ལྡན་པའི་སོན་མྱུག་དེ་བས་མང་བ་གསོ་སྤེལ་བྱས་ཏེ་འབྲེལ་ཡོད་ཁེ་ལས་དང་ཐོན་སྐྱེད་ཚན་པར་མཁོ་འདོན་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དབར་མཉམ་འགུལ་བཟང་པོ་ཡོང་ཆེད་ཚན་ཞིབ་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།