དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

    —— རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-10

    དཔྱིད་ཀྱི་དཔལ་ཡོན་འཆར་བ་དང་བསྟུན་ནས། ལྷ་སའི་ལྷོ་རི་བྱང་རིས་ལྗང་མདོག་གི་ན་བཟའ་ཀླུབས།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གླེང་སྐབས། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་རང་ཉིད་ཀྱི་མྱོང་ཚོར་དངོས་ལ་བརྟེན་ནས་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་གླེང་ཏེ་འཁྲུག་ཆ་དོད་པོ་ཡོད་པ་རེད།

    ཚང་མས་གླེང་མང་བའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ལས་གྲྭ་ནི་བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན། མིག་སྔའི་བར། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་110ལྷག་བྱས་ནས་ལྷ་སར“དཔྱིད་ཀར་མེ་ཏོག་བཞད། དབྱར་ཁར་བསིལ་གྲིབ་ལྡན། སྟོན་ཁར་ཚོན་མདངས་བཀྲ། དགུན་ཁར་སྔོ་ལྗང་ལྡན”པའི་ཀུན་གྱི་རེ་འདོད་བསྐངས་ཡོད་པ་རེད།

    དུས་ཡུན་རིང་པོར་བོད་ཀྱི་སྐྱེ་ཁམས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་ལ་དོ་ཁུར་དང་ཞིབ་འཇུག་གནང་མཁན་མཁས་དབང་ཞིག་ཡིན་པའི་ཆ་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གིས“ལྷོ་རི་བྱང་རི་སྔོ་འགྱུར་གྱི་ལས་གྲྭ་ལག་ལེན་བསྟར་རྗེས། སྔོ་ཁེབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ནགས་བཟོ་ཁུལ་ནང་གི་ས་ཆུ་ཤོར་ཚད་60%ཉུང་དུ་ཕྱིན་ནས་ཆ་ཤས་ཁུལ་གྱི་གནམ་གཤིས་སྙོམས་སྒྲིག་ནུས་ལྡན་ཐུབ་ཡོད”ཅེས་དབྱེ་ཞིབ་གནང་བ་རེད།

    ལྷོ་རི་བྱང་རིའི་འགྱུར་ལྡོག་ནི་དཔེ་མཚོན་རྐྱང་པ་ཙམ་མ་ཡིན་པར་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་ཏུ་འདི་དང་འདྲ་བའི་ལས་གྲྭ་མང་པོ་སྤེལ་བཞིན་ཡོད་པ་རེད།

    “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པའི་ཉིང་ཁྲིར་ཡུལ་སྐོར་དང་ནགས་ཁྲོད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས“ཉིང་ཁྲི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་དེ་རྒྱལ་ཡོངས་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཁྲོད་ལོ་9བསྟུད་མར་ཨང་དང་པོ་ཡིན” ཉིང་ཁྲིས་རང་ཉིད་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཅས་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་5དང“རི་གཉིས”ཀྱི་ལག་ལེན་གསར་གཏོད་རྟེན་གཞི་2བཙུགས་ཡོད་ཅེས་གསུངས་པ་རེད།

    དཔའ་དར་གྱིས་ཀ་ལ་གྲོང་ཚོ་དཔེར་དྲངས་ནས་གསར་འགོད་པར་ངོ་སྤྲོད་གནང་དོན། 2025ལོར་ཀ་ལ་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1542དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.43ཟིན་པའི་ནང་ཀ་ལ་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་11.8ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་355ཟིན་ཡོད་པ་རེད།

    “2025ལོར། མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཆ་མུའུ་ཁྲི་2.83སྔོ་འགྱུར་བྱས་ཤིང་། སེང་གེ་ཁ་འབབ་བྱང་རིའི་ལས་གྲྭས་ནགས་བཟོ་མུའུ་2700བྱས་པས། སྔོ་འགྱུར་གྱི་ཕན་འབྲས་རྒྱུན་མཐུད་མངོན་གསལ་དོད་དུ་འགྲོ་བཞིན་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་བསྟན་འཛིན་གྱིས། མངས་རིས་ས་ཁུལ་གྱིས་སྤུས་ཚད་མཐོ་བའི་སྲུང་སྐྱོང་དང་། ས་ཁོངས་ཡོངས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ས་ཁོངས་ཡོངས་ལ་ཁྲིམས་སྒྱུར་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་རིན་ཐང་གཞན་སྒྱུར་བཅས་ཀྱི“མ་ལག་བཞི”ནུས་ཤུགས་ཡོད་རྒུས་བསྐྲུན་པས། སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་དང་གསོ་འཁྱོངས་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།

    བོད་ཀྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ལྕི་ཤོས་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་རེད།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ། གངས་ལྗོངས་ས་མཐོའི་སྲོག་ཆགས་རྩི་ཤིང་དང་རི་ཆུ་ཁྲི་སྟོང་མང་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་གནམ་དེ་བས་སྔོ་བ་དང་། རི་དེ་བས་ལྗང་བ། ཆུ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དེ་བས་བརྟན་དུ་ཕྱིན་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བཅས་བྱུང་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    འགོ་འཛུགས་ས་གསར་པ་དང་རྒྱང་ལམ་གསར་པར། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ཧུར་ཐག་རྩོམ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།