དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲིའི་སྦྲང་རྩི་སྤུས་ཀ་ལེགས། ཕྱིར་གཏོང་ཚོང་ལམ་ཡངས་སེ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-10

    དགུན་དུས་ཀྱི་ཉིང་ཁྲིར། གསེར་མདོག་གི་ཉི་འོད་རི་རབ་ཀུན་ཏུ་འཕྲོ་ཞིང་། རི་ཁྲོད་ཀྱི་གསོམ་ཤིང་དང་ཤུག་པ་དག་ཁ་བའི་འདབ་མས་གཡོག་པ་དང་། ས་མཐོའི་བསིལ་རླུང་ཡར་ཀླུང་གཙང་པོ་བརྒྱུད་རི་ཀླུང་གང་སར་ལྡང་། ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་ཉིང་ཁྲི་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་བསོད་ནམས་ཚེ་བརྟན་གྱིས་ལས་རོགས་ཚོ་དང་མཉམ་དུ་ཕྱིར་ཚོང་བྱེད་གྲབས་ཡོད་པའི་ཉིང་ཁྲིའི་སྦྲང་རྩི་དང་འབྲེལ་ཡོད་དངོས་ཟོག་གི་འཛིན་ཡིག་ཁག་གཅིག་ལ་ཞིབ་བསྡུར་ཞིབ་ཚགས་བྱེད་བཞིན་ཡོད། དེ་ནི་ཉིང་ཁྲིའི་སྦྲང་རྩི་ཕྱིར་ཚོང་བྱེད་ཐེངས་དང་པོ་དེ་ཡིན་པ་དང་དེ་ནས་གངས་ལྗོངས་ས་མཐོའི་སྦྲང་རྩི་ཕྱིར་ཚོང་བྱེད་འགོ་ཚུགས་ཡོད།

    “ང་ཚོའི་སྦྲང་རྩི་ཤང་ཀང་དུ་འཚོང་ཐུབ་པ་མ་ཟད། ད་དུང་དགའ་བསུ་ཆེན་པོ་ཐོབ་པ་བསམ་ཡུལ་ལས་འདས་སོང”ཞེས་སྦྲང་རྩི་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་ཉིན་དེར་བོད་ལྗོངས་ཧྲན་ཀྲེང་སྦྲང་རྩི་ཐོན་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་དོན་པ་ཝུའུ་པིན་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་བསོད་ནམས་ཚེ་བརྟན་ལ་དེ་ལྟར་བཤད། སྦྲང་རྩི་སོས་པ་དེ་དག་རི་ཁུག་གི་སྦྲང་ཚང་ནས་ཤང་ཀང་གི་གསོལ་ལྕོག་ཐོག་བཤམས་པ་དེ་ཐོག་ནས་ཉིང་ཁྲིའི་སྦྲང་ནོར་བུ་གསོ་མཁན་གྱི་ཡོང་འབབ་འཕར་རེ་ཡོད་ལ་བསོད་ནམས་ཚེ་བརྟན་དང་ལས་རོགས་ཚོས་ཟླ་བ་ཁ་ཤས་རིང་ལས་གནས་བརྟན་སྲུང་བྱས་པ་ཡང་མཚོན་ཡོད།

    ལོ་49ལ་སླེབས་པའི་བསོད་ནམས་ཚེ་བརྟན་གྱིས་ས་མཐོའི་འགག་སྒོའི་ལས་དོན་ལ་གཞི་ཚུགས་ནས་ལོ་30ཙམ་སོང་ཞིང་། སྨུག་ཕྱིའི་འོད་ཟེར་ལས་ཁོང་གི་མཁུར་ཚོས་དམར་པོར་གྱུར་པ་དང་ཁོང་ལ་ས་མཐོའི་ཁྱད་ལྡན་ཐོན་ཟོག་ཕྱིར་གཏོང་སྐོར་ཆུ་རྒྱུག་རྒྱུག་གླེང་རྒྱུ་ཡོད།

    བོད་ལྗོངས་ཧྲན་ཀྲེང་སྦྲང་རྩི་ཐོན་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཉིང་ཁྲིར་འཕེལ་རྒྱས་བཏང་བའི་སྦྲང་རྩིའི་ཁེ་ལས་ཤིག་ཡིན་ཞིང་། ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་རི་ཁུག་ཏུ་གདོད་མའི་སྐྱེ་ཁམས་སྦྲང་གསོའི་རྟེན་གཞི་12བསྐྲུན་ནས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ལས་སྤུས་ཀ་ཧ་ཅང་དག་པའི་ས་མཐོའི་རི་སྐྱེས་མེ་ཏོག་གི་རྩི་བཅུད་བླངས་ནས་བསགས་པའི་སྦྲང་རྩིར་རྒྱལ་ནང་གི་ཁྲོམ་རར་གདེང་འཇོག་ཡག་པོ་ཐོབ་ཡོད།

    སྦྲང་ནོར་བུ་གསོས་ནས་སྨན་རྫས་ཐད་སྤྱོད་པའི་དོ་དམ་ནས་མ་བཅོས་རྒྱུ་ཆའི་ཁུངས་འདེད་མ་ལག་བསྐྲུན་པའི་བར་དང་། མེ་ཏོག་གི་རྩི་བཅུད་བསྡུ་ལེན་དང་གསོག་ཉར་ཚད་ལྡན་བྱེད་པ་ནས་ཐུམ་སྒྲིལ་དང་སྲིན་གསོད་ཚད་ལྡན་བར་བསོད་ནམས་ཚེ་བརྟན་དང་ལས་རོགས་ཚོས་བརྒྱུད་རིམ་ཧྲིལ་པོར་དམར་ཁྲིད་བྱེད་པ་དང་ཞིབ་ཆ་ཚང་མར་རིམ་པ་བཞིན་དམ་འཛིན་དང་རེ་རེ་བཞིན་དོན་འཁྱོལ་བྱེད་ཀྱི་ཡོད། ཁེ་ལས་ལ་གང་མགྱོགས་འོས་ཐོབ་རག་ཆེད་ཁོང་ཚོས་ཐོགས་མེད་བགྲོད་ལམ་བཏོད་དེ་རང་འགུལ་ངང་འགན་ནུས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་གྱིས་ཞིབ་མཆན་འགོད་པའི་མྱུར་ཚད་མགྱོགས་སུ་གཏོང་གི་ཡོད།

    2025ལོའི་ཟླ་12པར་གཏམ་བཟང་གྲགས་པ་སྟེ། ཁེ་ལས་དེར་བོད་ཀྱི“ཕྱིར་གཏོང་སྦྲང་རྩིའི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་གསོ་ཚགས་ར་བ”ཐོག་མའི་ཐོ་བཀོད་ཀྱི་འོས་ཐོབ་རག་པ་མ་ཟད། ད་ལོའི་ཟླ་དང་པོར་སྒོར་ཁྲི་50ལྷག་ཙམ་རི་བའི་ཤང་ཀང་གི་མངགས་ཐོ་ཡང་རག་པ་རེད།

    ས་མཐོའི་སྦྲང་རྩི་མྱུར་ཚད་མགྱོགས་ཤོས་དང་སྤུས་ཀ་ཡག་ཤོས་ཀྱི་ཐོག་ནས་ཕྱིར་ཚོང་བྱེད་ཆེད། བསོད་ནམས་ཚེ་བརྟན་དང་ལས་རོགས་ཚོས“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་འགག་སྒྲོལ་ཇུས་གཞི་གནད་སྨིན་ངང་བཟོ་བ་དང་། “འཕྲལ་དུ་ཐོ་འགོད་དང་། ཞིབ་བཤེར། ཆོག་འཐུས”བཅས་ཀྱི་སྟབས་བདེའི་བྱེད་ཐབས་དོན་འཁྱོལ་དང་། ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ་རྣམ་པ་ཀུན་ཏུ་ཞབས་འདེགས་ཞུ་བ་བཅས་བྱས་ནས་གངས་ལྗོངས་ནས་ཐོན་པའི་སྦྲང་རྩི་དུས་ཐོག་ཏུ་རི་ཀླུང་བརྒལ་ཏེ་ཤང་ཀང་དུ་འབྱོར་ཐུབ་པ་བྱས་ཡོད།

    ཞིམ་མངར་སྦྲང་རྩི་རི་ཀླུང་བརྒལ་ནས་ཕྱིར་ཚོང་ཐུབ་པ་དེ་ནི་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས“ཕྱིར་ཚོང་ཐུབ་པའི”

    བསྡུས་རིས་ཙམ་ཡིན་ཞིང་། 2025ལོའི་ཚུན་དུ་ཉིང་ཁྲིའི་ཁ་ཆེ་ཤ་སྐམ་དང་བོད་ཕག་སོགས་ཁྱད་ལྡན་ཐོན་རྫས་སྔ་རྗེས་སུ་ཕྱིར་ཚོང་ཐུབ་ནས་དེ་སྔ“རི་ཁུག་ཏུ་ལུས་པའི”དཀའ་གནད་བསལ་ཡོད། མིག་སྔའི་བར་ཕྱིར་ཚོང་བྱེད་ཐེངས་དང་པོའི་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་དག་ཕྱིར་ཚོང་བྱེད་ཚད་རིམ་རྩིས་བརྒྱབ་ན་སྤྱི་རྒྱ་1979ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།