འཕེལ་རྒྱས་ཀྱི་གོམ་སྟབས་བརྟན། མ་འོངས་ཀྱི་མདུན་ལམ་ཡངས།
—— འཐུས་མི་ཚོས་མཉམ་དུ་དེང་གི་བོད་ལྗོངས་སྐོར་གླེང་བ།
ཟླ་3ཚེས་6ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་གི་སྒོ་དབྱེའི་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་པའི་པར་ཆས་མདུན་དུ་འཐུས་མི་ཚོས་མྱོང་ཚོར་གླེང་བ་དང་དྲི་བར་ལན་བཏབ་སྟེ། རང་ཉིད་ཀྱི་མྱོང་ཚོར་དངོས་ལ་བརྟེན་ནས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པའི་དེང་གི་བོད་ལྗོངས་འཛམ་གླིང་ལ་ངོ་སྤྲོད་གནང་བ་རེད།
2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། བགྲང་བྱ་དྲུག་ཅུ་ནི་ཡུད་ཙམ་ཞིག་ལ་འདས་མོད། བརྗིད་ཉམས་ཆེ་བའི་རི་བོ་ཧི་མ་ལ་ཡ་དང་། ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་ཀྱང་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་པར་དཔང་པོ་བྱེད་བཞིན་ཡོད། གྲངས་གཞི་ཁག་གཅིག་ལས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་ཐུབ་པ་སྟེ།
2025ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3031.89ཟིན་པ་དེ་1965ལོའི་ལྡབ་170རེད།
གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་ནད་དཔེ་གསར་པ་ཐོན་མེད་པ་དང་། ཐུམ་འབུའི་ནད་སྐབས་བསྟུན་གཙང་སེལ་ཐུབ་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་1951ལོའི་ལོ་35.5ནས་2025ལོའི་ལོ་72.5བར་རིང་དུ་ཕྱིན་ཡོད།
2025ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། གཙང་པོ་དང་མཚོ་མཚེའུ་གཙོ་བོ་དང་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་ནས། བོད་འདི་ཉིད་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལས་བོད་ཀྱི་མི་ཚང་མའི་འཚོ་བར་དངོས་དངོས་རྗེན་རྗེན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད།
ཚོགས་པ་དང་ཚོགས་ཆུང་གི་སྒོ་དབྱེའི་ཚོགས་འདུར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་ཡིན་པའི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་ཕ་ཡུལ་གྱི་འགྱུར་ལྡོག་གསར་པ་གླེང་གནང་བ་སྟེ།
“2024ལོའི་ལོ་མཇུག་ཏུ་སྲིད་གཞུང་གིས་མ་དངུལ་བཏང་ནས་བསྐྲུན་པའི་ཆུ་ཀ་ལའི་བཟོ་གྲྭ་ཕྱོགས་ཡོངས་ནས་བེད་སྤྱད་པ་དེ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ནས་དགུན་དུས་ཆུ་བྲི་བའི་དུས་སུ་ཆུ་བརྟན་པོ་མེད་པའི‘རྙིང་ཆེ་དཀའ་གསུམ’གྱི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་དང་། ཁོང་གིས། བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་ཤང་འཕྲོད་བསྟེན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་ཐུབ་ནས། དེ་སྔ་དང་བསྡུར་ན་གཞི་ཁྱོན་ལྡབ་3ཆེ་རུ་ཕྱིན་པ་དང་སྒྲིག་ཆས་དེ་བས་ཆ་ཚང་དུ་སོང་ཡོད་པས། ནད་གཞི་ཆུང་ངུ་ཤང་ནས་སྨན་བཅོས་ཐུབ་ཀྱི་ཡོད་ཅེས་གསུངས།
མི་རྣམས་ལ་དེ་བས་དགའ་ཚོར་སྐྱེ་འོས་པ་ཞིག་ལ། ཤང་གི་སློབ་ཁྲིད་ས་ཚིགས་སུ་དེ་སྔ་རྒྱ་ཆུང་བའི་ཁང་པ་ཐོག་གཉིས་མ་ཞིག་ལས་མེད་མོད། འོན་ཀྱང་ད་ཆ་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་ལོགས་སུ་ཡོད་པའི་དེང་རབས་ཅན་གྱི་སློབ་གྲྭར་གྱུར་ཡོད་པས། ཕྲུ་གུ་ཚོ“སློབ་གྲྭར་འགྲོ་ཐུབ་པ”བྱུང་བ་མ་ཟད། དེ་བས“སློབ་གྲྭ་ཡག་པོར་འགྲོ་ཐུབ་པ”བྱུང་ཡོད།
“དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་དེ་དག་ནི་ང་ཚོའི་ཐོབ་སྣང་དང་སྐྱིད་སྣང་གི་འབྱུང་ཁུངས་ཡིན”ཞེས་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས།
2025ལོའི་ཟླ་1ཚེས་7ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས“གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི”བླང་བྱ་བཏོན་གནང་བ་རེད།
ད་ཐེངས་ཀྱི་ཚོགས་པ་དང་ཚོགས་ཆུང་གི་སྒོ་དབྱེའི་ཚོགས་འདུའི་ཐོག གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཡིན་པའི་འཐུས་མི་ཝང་ཧྥང་ཧུང་གིས་དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་གྱི་གཏམ་བཟང་བསྣམས་ཡོད་པ་སྟེ། 2025ལོའི་ཟླ་10པར། གེགས་ཁུལ་གྱི་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་བྱས་པའི་ཡུལ་མིའི་སྡོད་ཁང་ཚང་མ་རྩིས་སྤྲོད་རྩིས་ལེན་ཟིན་ནས་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་གསར་པར་སྤོས་ཏེ་དྲོ་སོབ་སོབ་ཀྱི་དགུན་ཁ་ཞིག་བསྐྱལ་བ་རེད།
ཁང་པ་རྒྱག་སའི་ས་ཆ་འདེམས་པ་དང་ཁང་པའི་ཇུས་འགོད་ཐད་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ་མང་ཚོགས་དང་མཉམ་དུ་གྲོས་བསྡུར་བྱས་པ་དང་། རྒྱལ་ནང་གི་ཆེད་ལས་ཇུས་འགོད་ཚོགས་པས་མང་ཚོགས་ལ་ཁང་པའི་བཟོ་དབྱིབས་མི་འདྲ་བ་མང་པོ་ཇུས་འགོད་བྱས་པ། གསར་དུ་བརྒྱབ་པའི་ཁང་པར་ཆུ་དང་། གློག དྲ་བ་སོགས་ལྷན་སྦྱར་གྱི་རྨང་གཞིའི་སྒྲིག་བཀོད་ཡོད། ཡུལ་མི་མི་ཉུང་བ་ཞིག་གིས། ཁང་པ་གསར་པའི་སྤུས་ཚད་ཁང་པ་རྙིང་པ་ལས་ཞེ་དྲག་གིས་ཡག་པ་འདུག ཕྱི་ལོགས་སུ་ལྷགས་པ་བརྒྱབ་པ་དང་གངས་བབས་ནའང་ཁང་པའི་ནང་དྲོ་སོབ་སོབ་འདུག་ཅེས་བཤད།
དེང་གི་བོད་ལྗོངས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་བཞིན་མཆིས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།