བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཚོགས་ཆེན་ལ་གྲོས་གཞི་སྤུས་དག་ཁག་20ཕུལ་བ།
གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་དང་གྲོས་མོལ་གྲོས་བསྡུར་གཏིང་ཟབ་གནང་བ་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་འདུ་འགོད་སོགས་ཀྱི་ནང་དོན་ལ་དམིགས་ནས་ཚོགས་ཆེན་ལ་སྤུས་ཚད་མཐོ་བའི་གྲོས་གཞི་ཁག་20ཕུལ་བ་རེད།
བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་གྲོས་རྒྱ་མཚོས་ད་ལོ《ས་སྐྱ་དགོན་གྱི་རིག་དངོས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར》གྱི་གྲོས་གཞི་བཏོན་གནང་ཞིང་། ཁོང་གིས“ས་སྐྱ་དགོན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོ་ཡིན་པ་དང་དགོན་པའི་ནང་གི་རིག་དངོས་ལ་ལོ་རྒྱུས་དང་། ཆོས་ལུགས། སྒྱུ་རྩལ། རིག་གཞུང་བཅས་ཀྱི་རིན་ཐང་ལྡན་ཡོད། ས་སྐྱ་དགོན་གྱི་གྲངས་འཛིན་ཅན་གྱི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་གྲངས་འཛིན་ཅན་སྲུང་སྐྱོབ་ཀྱི་ཆེད་དོན་འཆར་འགོད་ནང་བཅུག་ནས་རིག་དངོས་དེ་དག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་སློབ་གཞི་ཞིག་ཏུ་འགྱུར་བར་བྱ་རྒྱུའི་གྲོས་འགོ་འདོན་གྱི་ཡིན”ཞེས་གསུངས་པ་རེད།
བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་བཏོན་པའི་གྲོས་གཞི་ནི་ནས་ཀྱི་འཚོ་བཅུད་གྲུབ་ཆར་བརྒྱུད་རིམ་ལྡན་པའི་ཞིབ་དཔྱད་ཚད་ལེན་དང་དབྱེ་ཞིབ་བྱེད་པ་བརྒྱུད། ཚན་རིག་དང་མཐུན་པའི་གྲངས་གཞིར་བརྟེན་ནས་ནས་ཀྱི་ལྷད་མེད་སྐོར་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ནས་དེ“ས་མཐོའི་བཟའ་འབྲུ”ནས“གོ་ལ་ཧྲིལ་པོའི་ལྷད་མེད་བཟའ་བཅར”རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད། ཟླ་བ་དོན་གྲུབ་ཀྱིས། ནས་ཀྱི་ལྷད་མེད་རིན་ཐང་སྔོག་འདོན་དང་། སྤུས་རྟགས་སྟོབས་ཆེར་གཏོང་བ། ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་བྱས་ཚེ། ནས་ཀྱི་རིན་གོང་བརྟན་པོ་ཡོང་བ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་སོང་ནས་མི་སེར་གྱིས་འདེབས་རིན་ཡོད་པ་དང་། ཕྱིར་ཚོང་ཡག་པོ་ཐུབ་པ། ཡོང་འབབ་མང་བ་བཅས་ཡོང་ཐུབ་པ་མ་ཟད། ཐོན་ལས་འཁོར་འབྲེལ་ཐད་ནས་ཡུལ་དེ་གའི་ཞིང་འབྲོག་ཤེས་ལྡན་པ་དང་། ལག་རྩལ་ཤེས་ལྡན་པ། གཉེར་སྐྱོང་ཤེས་ལྡན་པ་བཅས་དེ་བས་མང་བ་གསོ་སྐྱོང་ཐུབ་སྟེ་ས་མཐོའི་གྲོང་གསེབ་དར་རྒྱས་འགྲོ་བར་སྒུལ་ཤུགས་རྒྱུན་སྲིང་སྣོན་ཐུབ་པའི་ངོས་འཛིན་གནང་བ་རེད།
ཨུ་ཡོན་ཚོས་ཚོགས་ཆེན་ལ《ཁྲིམས་སྐྱོང་གི“ཇུས་འདོན་ཚོགས་པའི”ནུས་པ་བཏོན་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《བོད་ཀྱི་ཧྥུལ་ཉུང་ལྷད་མེད་ཇ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལེ་ལག་ཚང་བའི་ཁོར་ཡུག་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《བོད་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་དང་མི་ཚོགས་བདེ་ཐང་གི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་བསྐྲུན་རྒྱུའི་སྐོར་གྱི་གྲོས་གཞི》 《གཞིས་རྩེ་གྲོང་ཁྱེར་གྱི་ཉེན་ཆེའི་འཁྱགས་མཚོ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་མིང་མཉམ་བཀོད་ཀྱི་གྲོས་གཞི་ཁག་5ཕུལ་བ་རེད།
འབྲེལ་ཡོད་གསར་འགྱུར།