རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
ཝང་ཧུའུ་ཉིང་ཞུགས་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཤིང་། སྲིད་གྲོས་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་དང་རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཞུགས་ནས་གཏམ་བཤད་གསན་པ་རེད།
ཨུ་ཡོན་ལེན་དབྱི་མིན་གྱིས་གཏམ་བཤད་གནང་སྐབས། “ཁྲི་སྟོང་འདུ་འགོད”ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བ། “གྲོང་ཚོ་དར་རྒྱས”ལ་བརྟེན་ནས་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱེད་པ། “མཉམ་འདྲེས”ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐས་རིམ་ལྟར་བཀོད་སྒྲིག་དང་དོན་འཁྱོལ་གནད་སྨིན་བཅས་བྱས་ནས་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཐད་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
ཨུ་ཡོན་ཁྲེན་ཤིང་དབྱིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། “ཐའེ་དབན་རང་བཙན”ཕྱོགས་གཏོགས་ནི“ཞི་བདེར་གཏོར་བཤིག་གཏོང་མཁན”དང་། “ཉམས་ཉེན་བཟོ་མཁན” “དམག་འཁྲུག་གི་ངན་སྐུལ་པ”བཅས་འཁྲུལ་མེད་ཅིག་ཡིན་པས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས། ཐའེ་དབན་གྱི་མདུན་ལམ་ནི་རྒྱལ་ཁབ་གཅིག་གྱུར་ལ་ཐུག་པ་དང་སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་ནི་མི་རིགས་བསྐྱར་དར་ལ་ཐུག་ཡོད། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་འགྲོ་བའི་སྤྱི་ཡོངས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་དབྱང་མིང་ཅེ་ཡིས་གཏམ་བཤད་གནང་སྐབས། འཛམ་གླིང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ་དང་། འཛམ་གླིང་འདི་ཇི་ལྟར་འཛུགས་སྐྱོང་བྱེད་པ་ནི་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ཧུར་ཐག་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཀྲང་ཨེན་ཏི་ཡིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ལམ་ལུགས་རྣམ་པའི་སྒོ་དབྱེ་སྣེ་ཁྲིད་དུ་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་བཏོད་དེ་རིགས་ཁག་གི་ཚོང་གཉེར་བྱེད་པོར་ཁ་གསལ་དང་། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྔར་བས་འཕེལ་བར་བྱས་ཏེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
ཨུ་ཡོན་ཧྲི་རུང་ཧོའེ་ཡིས་གཏམ་བཤད་གནང་སྐབས། “ལོ་ལྔ་ཚན་བཅོ་ལྔ་པའི”གོ་སྐབས་སྟངས་འཛིན་ནན་པོ་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུས་ནས་ཤང་ཀང་འདི་ཉིད་རྒྱལ་ཁབ་དང་མཉམ་དུ་དར་རྒྱས་ཡོང་བའི་རྨང་རྡོ་བརྟན་དུ་གཏོང་བ་ནི“རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”ལག་ལེན་བསྟར་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁ་ཕྲལ་གྱི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་དོ་ཁུར་ཐག་གཅོད་བཅས་བྱས་ཏེ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཧོ་རུན་ཧྲེང་གིས་གཏམ་བཤད་གནང་སྐབས། ཨའོ་མོན་གྱིས་མེས་རྒྱལ་རྒྱབ་རྟེན་དུ་བྱེད་པ་དང་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་ལེགས་ཆ་བཏོན་ནས་རིག་སྟོབས་ནང་འདྲེན་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གྲབས་གསོག་བྱེད་པའི་ཐད་བྱས་རྗེས་ཧུར་ཐག་འཇོག་པ་དང་། ཤེས་ལྡན་པའི་རང་བརྟེན་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཁྱད་ལྡན་ལ་བརྟེན་ནས་ཤེས་ལྡན་པ་ནང་འདྲེན་དང་གཅིག་སྡུད་བྱེད་པའི་ལས་སྟེགས་སྐྲུན་པ། ཤེས་ལྡན་པའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཡོད་ཀང་ཨའོ་ཡི་ཤེས་ལྡན་པ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་རྩེར་སོན་ཤེས་ལྡན་པ་གཅིག་སྡུད་ཐུབ་པའི་ཡིད་དབང་འགུག་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དེ་བས་ལེགས་པའི་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ཨའོ་མོན་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གཏམ་བཤད་གནང་སྐབས། རྒྱལ་ཁབ་ཀྱི་དར་རྒྱས་བརྟན་ལྷིང་ནི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་རྩ་བའི་འགན་སྲུང་ཡིན་པས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ཆོས་དད་མང་ཚོགས་དང་ཆོས་དད་མེད་པའི་མང་ཚོགས་ཚང་མའི་ཐུན་མོང་གི་བདེ་རྩ་ཞིག་རེད། བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་ནང་དེ་བས་རང་རྟོགས་ངང་མཉམ་འདྲེས་བྱེད་པ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་ལག་བསྟར་པ་བརྟན་པོ་ཞིག་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྒྱུན་འཛིན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་པ་ཧུར་བརྩོན་ཅན་ཞིག་བཅས་བྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་དབྱི་ལི་ཀྲ་ཐི·ཨའེ་ཧོ་མའེ་ཐི་ཅང་གིས་གཏམ་བཤད་གནང་སྐབས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ལུས་རྩལ་བྱེད་སྒོར་བརྟེན་ནས་ཕྱོགས་གཉིས་སྤེལ་རེས་ཐད་ཀྱི་ཤོག་བུ་སྣུམ་ཟོས་ལྟ་བུའི་ནུས་པ་དེ་བས་ལེགས་པའི་ངང་འདོན་པ། ཤིན་ཅང་གི་མི་རིགས་ཁག་གི་ཁྲག་རྒྱུན་མཉམ་འདྲེས་དང་། དད་སེམས་གཅིག་མཐུན། རིག་གནས་མཉམ་འཕྲོད། དཔལ་འབྱོར་མཉམ་བརྟེན། ཕན་ཚུན་མཛའ་གཅུགས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་དགོས་ཞེས་གྲོས་འགོ་བཏོན་པ་རེད།
ཨུ་ཡོན་ཝུའུ་ཝེ་ཧྲན་གྱིས་གཏམ་བཤད་གནང་སྐབས། དུས་རབས་ཀྱི་འཕེལ་རྒྱུན་ལ་དམ་པོར་དམིགས་ནས་ཀྲུང་གོའི་སྙིང་སྟོབས་དང་དུས་རབས་ཀྱི་མཛེས་དཔྱད་མངོན་པའི་སྒྱུ་རྩལ་གྱི་སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱེད་པ་དང་། ཤེས་དཔལ་སྤེལ་རེས་དང་བརྩེ་སེམས་སྦྲེལ་མཐུད་ཀྱི་སྣོལ་ཟམ་སྐྲུན་པ། ཕྱོགས་མང་ཞུགས་པ་དང་ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བའི་ཁྱབ་སྤེལ་གྱི་རྣམ་པ་འཛུགས་པ། སྒྱུ་རྩལ་གྱི་ཐུན་མིན་སྟོབས་ཤུགས་དང་འཛམ་གླིང་མི་རིགས་ཁག་གི་ཤེས་དཔལ་སྤྱད་ནས་ལྷག་བསམ་རྣམ་དག་གིས་སྐད་ཆ་ཤོད་རེས་བཅས་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གྲོས་འགོ་བཏོན་པ་རེད།
ཨུ་ཡོན་ཕན་ཅན་ཝེ་ཡིས། དགུ་གསུམ་རིག་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། སློབ་གསོ་གཏོང་སྟངས་དེ་ཤེས་བྱ་ཁྱབ་སྤེལ་གཏོང་བ་ནས་བྱང་ཚད་གསོ་སྐྱོང་བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་སློབ་མའི་ཚན་རིག་དང་མཐུན་པའི་བསམ་གཞིག་དང་འཚོལ་ཞིབ་ཀྱི་ནུས་པ་བརྒྱུད་རིམ་ལྡན་པའི་ངང་སྐྱེད་སྲིང་བྱས་ཏེ་གདེང་འཇོག་གི་སྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ལམ་ལུགས་ཀྱི་ཇུས་འགོད་ལ་བརྟེན་ནས་འཚོལ་ཞིབ་ཀྱི་ཕམ་ཁར་བསྟུན་མཁས་བྱེད་པ། རིག་གནས་རྒྱུན་འཛིན་ལ་བརྟེན་ནས་གསར་གཏོད་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ། ཤེས་དཔལ་དཔྱད་གཞིར་བཟུང་ནས་གསར་གཏོད་ཀྱི་རིག་གནས་སྐྱོང་སྤེལ་བཅས་བྱས་ཏེ་ཚན་རིག་ལ་བརྩི་མཐོང་དང་གསར་གཏོད་དོན་གཉེར་སྲོལ་བཟང་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཐེན་ཆིན་ཤིན་གྱིས་གཏམ་བཤད་གནང་སྐབས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་རིག་རྩལ་གྱི་ཐོག་མའི་བསམ་འདུན་རྒྱུན་འཛིན་བྱེད་པ་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བརྟན་སྲུང་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བའི་གཞི་རྩ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་གསར་རྩོམ་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུར་སྐུལ་ལྕག་བྱས་ཏེ་ཀྲུང་གོ་མི་དམངས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་ནས་འཚོ་བཅུད་ཟབ་མོ་བླངས་ཏེ་བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་བྱང་ཆུབ་པ། གསར་རྩོམ་སྤུས་དག་པ་བཅས་དང་དེ་བཞིན་ཀྲུང་གོའི་སྙིང་སྟོབས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པའི་བརྩམས་ཆོས་གསར་པ་དེ་བས་མང་བ་འདོན་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཞུས་ཤིན་རུང་གིས་གཏམ་བཤད་གནང་སྐབས། ཞི་ཅིན་ཕིང་གི་ཤེས་དཔལ་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། འབབ་འཕར་ཐབས་ལམ་གསར་གཏོད་བྱེད་པ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱས་ཏེ་མི་སེར་ཕྱུག་པོ་དང་སྐྱེ་ཁམས་མཛེས་སྡུག་ལྡན་པ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཝང་ཅིན་ནན་གྱིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་དང་། སྤྱི་ཡོངས་ལ་དམིགས་པ། གཙོ་གནད་མངོན་གསལ་དོད་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སུ་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་དང་ལྕག་སྐུལ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
ཨུ་ཡོན་ཝུན་ཧྲུའུ་ཀང་གིས་གཏམ་བཤད་གནང་སྐབས། རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུ་མཁོ་སྤྲོད་ཀྱི་གྲུབ་ཆ་གཙོ་བོར་བྱེད་པ་དང་། འགྱུར་བྱུང་ནུས་རྒྱུ་ཐ་སྐྱོང་འགན་ལེན་དུ་བྱེད་པ། གློག་ཤུགས་མ་ལག་གསར་པ་འགག་རྩའི་འདེགས་སྐྱོར་དུ་བྱེད་པ། ལྗང་མདོག་རིག་ལྡན་གྲོན་ཆུང་དེ་ནུས་སྤྱོད་ཕྱོགས་སྟོན་དུ་བྱེད་པ་བཅས་ཀྱི་ནུས་རྒྱུ་གསར་པའི་མ་ལག་རིམ་བཞིན་བཙུགས་ནས་ནུས་རྒྱུ་གསར་པ་དང་སྲོལ་རྒྱུན་ནུས་རྒྱུ་མཉམ་ལས་དང་། ལག་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར་མཉམ་ལས་མཐའ་འཁྱོངས་ཀྱིས་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་གྲོས་འགོ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།