སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
——ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་དམག་ཡོངས་ལ་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་འབད་འབུངས་མདུན་སྐྱོད་ཀྱིས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་ལྕག
ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བར་དམག་ཡོངས་ཀྱི་དཔུང་སྡེའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་པའི་གསུང་བཤད་ཅིག་རེད། རང་རེའི་དམག་དཔུང་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དེས་ན་བསམ་བློ་དང་བྱ་སྤྱོད་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ཤུགས་ཚད་ཆེན་པོས་ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་བཏང་བ་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་དམག་དཔུང་གི་འཐུས་མི་དང་ཨུ་ཡོན་ཚོས་གྲུབ་འབྲས་དེ་དག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པ་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། “གཏན་འཁེལ་གཉིས”ནི་དུས་རབས་གསར་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་དང་། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེ་ཤོས།དངོས་ཡོད་ལག་ལེན་གྱི་བསྡོམས་ཚིག་ཡག་ཤོས་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་ཡོད། དེས་ན“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བཅས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་འགན་འཁུར་བ། ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་ཡོང་བ་བཅས་བྱེད་དགོས།
རྒྱ་ཆེའི་དཔོན་དམག་ཚོས་དམག་དཔུང་ནི་མེ་མདའ་འཁྱེར་མཁན་ཞིག་ཡིན་པས། དམག་དཔུང་ཁྲོད་དུ་ཏང་ལ་བློ་ཁ་གཉིས་གཏད་བྱེད་མཁན་ཡོད་ན་འགྲིག་ཐབས་གཏན་ནས་མེད་པ་དང་། རུལ་སུངས་བ་གབ་ས་ཡིབ་ས་གཏན་ནས་ཡོད་མི་རུང་ལ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད། མཚོ་དམག་མཐར་སྐྲོད་དམག་གྲུའི་ཉིང་ལག་རུ་ཁག་ཅིག་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་འཐུས་མི་ཆི་ཝེ་ཀོང་གིས་དེ་གོང་ནན་ཁྲང་དམག་གྲུའི་ཆབ་སྲིད་ཨུ་ཡོན་གནང་མྱོང་ཞིང་། ཁོང་དང་དམག་གྲུའི་ཏང་ཨུད་ཀྱི་ཚན་ཁག་གི་ཁོངས་མིས་དམག་གྲུ་ཡོངས་ཀྱི་དཔོན་དམག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་དམངས་མཚོ་དམག་གི་ལོ་རྒྱུས་ཐོག་གི་ཨང་དང་པོ་མང་པོ་བཏོད་ཡོད། “དུས་རབས་གསར་པའི་རྒྱང་ལམ་གསར་པར་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་སྐབས། དམག་གྲབས་དམག་རྒྱག་གི་གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་ཏེ། རང་རེའི་དམག་དཔུང་གི་ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཚེ། ཏང་གི་འགོ་ཁྲིད་ལ་གཞི་ནས‘བཀོད་འདོམས་ཐོགས་མེད་དང་རྒྱུས་མངའ་སྒྲུབ་བདེ’བྱུང་ནས་ཏང་གི་འགོ་ཁྲིད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་ཐུབ”ཅེས་ཆི་ཝེ་ཀོང་གིས་གསུངས་པ་རེད།
དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཅིག་མཚོ་ཐོག་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཤིང་། ཁོང་ཚོས་ལས་གནས་དངོས་སུ་སྦྱོང་དང་། ཆེད་དོན་གཅིག་སྡུད་སྦྱོང་བརྡར། སློབ་སྐྱེལ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དབང་སྲུང་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་གི་ཡོད། ཉིང་ལག་རུ་ཁག་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ཧོང་ཀྲོའུ་ཧྥུང་གིས་ཤེས་ལྡན་པར་བརྩི་འཇོག་དང་ཤེས་ལྡན་པར་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ། ཤེས་ལྡན་པ་འཚར་ལོངས་ཡོང་བའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་ཚེ། ཤེས་ལྡན་པ་སྣ་ཚོགས་ཀྱི་གསར་གཏོད་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་འཕེལ་ཏེ། རྟ་བརྒྱ་ཐང་དཀྱུས་དང་གྲུ་སྟོང་རླབས་གཤགས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཐུབ་ཅེས་གསུངས་པ་རེད།
མཁའ་དམག་མཁའ་སྐྱོད་དམག་དཔུང་གི་ཧྲི་ཤོག་ཅིག་གི་འཕུར་སྐྱོད་པ་འཐུས་མི་ཁྲེན་ཅིན་ལན་གྱིས། གུང་ཁྲན་ཏང་ཡོན་དང་གསར་བརྗེའི་དམག་མི་ཞིག་གི་ངོས་ནས་བཤད་ན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། ཏང་གིས་གང་བརྗོད་པ་དེ་མཐའ་གཅིག་ཏུ་སྒྲུབ་པ། ཏང་གིས་མཛུབ་མོ་གང་སྟོན་ལ་དེར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ་ཅི་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
“རང་རེའི་ཏང་དང་རང་རེའི་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་ནི་གསར་བརྗེ་པ་རྒན་རབས་ཚོའི་ཡུན་རིང་གི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་བློ་གྲོས་ཀྱི་སྙིང་བཅུད་ཡིན་ལ། སྔོན་གཤེགས་དཔའ་བོས་ཁྲག་དྲོན་དང་ཚེ་སྲོག་ཕུལ་ནས་བཏོད་པའི་རྒྱལ་ཁ་ལེན་པའི་མཆོག་ནོར་ཡང་ཡིན། ང་ཚོས་དེ་དག་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མི་དམངས་དམག་དཔུང་གིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ནམ་ཡང་རྒྱལ་ཁ་ལེན་པའི་ལེགས་ཆ་སྲ་བརྟན་དུ་གཏོང་བ་དང་། ནམ་ཡང་དྭངས་གཙང་དང་གཟི་བརྗིད་མི་ཉམས་པའི་འགན་ལེན་བྱེད་དགོས”ཞེས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་ལས་གྲྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་འཐུས་མི་ལི་ཕུང་གིས་གསུངས་པ་རེད།
ལས་འགན་བྲག་ལྟར་བརྗིད་ལ། དུང་བརྡ་གསང་པོས་དཔུང་སྐྱོད་བྱེད་པར་སྐུལ། རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་མཚམས་ཀྱི་དམིགས་ཚད་མངོན་འགྱུར་དང་རྩེར་སོན་དམག་དཔུང་འཛུགས་ཆེད་འབད་འབུངས་མདུན་སྐྱོད་བྱེད་པར་དམིགས་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་རང་རེའི་ཏང་གིས་འགོ་ཁྲིད་གནང་བའི་དཔའ་བོའི་དམག་དཔུང་དེ་ཉིད་སྔར་ལས་སྲ་བརྟན་དུ་བཏང་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།