རིག་གནས་མཉམ་འདྲེས་མཚོན་པའི་རྒྱ་ཡིག་གི་མིང་ཞིག
ཁོང་ནི་གློག་བརྙན《གར་སོང་ཆ་མེད་དུ་གྱུར་པའི་སྙིང་སྡུག》ནང་གི་ཨེ་མེ་འཁྲབ་མཁན་དང་། 《ང་རྒྱལ་དང་ཕྱོགས་ལྷུང》ནང་ཅན·པན་ནེ་ཐེ་འཁྲབ་མཁན་ཡིན་ཞིང་། ཁོང་ནི་གསེར་གྱི་གོ་ལའི་བྱ་དགའ་དང་ཨའོ་སི་ཁ་གསེར་རྟགས་བྱ་དགའ་ཡི་འོས་མིའི་མཚན་སྙན་ཐོབ་མཁན་དབྱིན་ཇིའི་འཁྲབ་སྟོན་པ་ཞིག་ཡིན་ལ། ཀྲུང་གོའི་ངག་རྒྱུན་བཤད་ནས་ཚང་མས་དགའ་པོ་བྱེད་པའི་རྒྱ་ཡིག་གི་དགའ་མོས་ཅན་ཞིག་ཀྱང་རེད། དབྱིན་ཇིའི་རྒྱལ་ས་ལོན་ཏོན་གྱི་ཁྲོམ་གཞུང་དུ། མི་ལ་ལས་ཁོང་གི་རྒྱ་ཡིག་གི་མིང“ཕེ་ཁྲུན་ཧྭ”ཞེས་འབོད་སྐབས། ཁོང་གིས་ལམ་སེང་དགའ་བའི་འཛུམ་མདངས་འཕྱུར་གྱི་ཡོད། རྗེས་སུ་གནས་ཚུལ་དེ་རིགས་དྲན་འཆར་བྱེད་སྐབས་ཁོང་གིས་རྟག་ཏུ“དེ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང”ཞེས་མྱོང་ཚོར་ཟབ་མོས་བརྗོད།
ཉེ་ཆར། ཕེ་ཁྲུན་ཧྭ་ཀྲུང་གོར་ཡོང་ནས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཁག་མང་པོར་ཞུགས་ཤིང་། རྒྱ་སྐད་ཐོག་ནས་ཀྲུང་གོའི་དྲ་གྲོགས་རྣམས་ལ་རྟ་ལོར་གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “རྒྱ་ཡིག་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འབྲེལ་མཐུད་བྱེད་པའི་ཟམ་པ་ལྟ་བུ་ཡིན། རྒྱ་ཡིག་ཁོང་དུ་ཆུད་ཚེ་གཞི་ནས་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་བྱེད་ཐུབ”ཅེས་བརྗོད།
ཕེ་ཁྲུན་ཧྭ་ཡིས་གསར་འགོད་པར། ཁོ་མོའི་རྒྱ་ཡིག་གི་མིང་གིས་ཁོང་ལ་ཀྲུང་གོར་རྒྱུས་ལོན་བྱེད་པའི་སྐར་ཁུང་གསར་པ་ཞིག་ཐོབ་བྱུང་། 2015ལོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱེད་སྒོར་ཞུགས་རིང་། རྒྱ་ཡིག་གི་མིང་ལ་བརྟེན་ནས་ཀྲུང་གོའི་ལྟད་མོ་བ་ཚོར་བག་ཆགས་ཟབ་མོ་ཞིག་བཞག་དགོས་བསམས་ནས། ཀྲུང་གོའི་གྲོགས་པོ་ཞིག་དང་མཉམ་དུ“ཕེ་ཁྲུན་ཧྭ”ཞེས་པའི་མིང་དེ་བཏགས་པ་ཡིན་ཞེས་བརྗོད།
མིང་ནི་མཚོན་རྟགས་ཙམ་མ་ཟད། ཁོང་གིས་ཀྲུང་གོའི་རིག་གནས་ཤེས་འདོད་ཀྱི་རྣམ་འགྱུར་ཡང་ཡིན། ཕེ་ཁྲུན་ཧྭ་ཡིས་ཁོ་མོས་་དགའ་པོ་བྱེད་པའི་ཀྲུང་གོའི་རིག་གནས་ཀྱི་ཆ་སྟེ། ཁེངས་སྐྱུངས་གུས་ཞབས་དང་ཕ་མར་བརྩི་བཀུར་སྐོར་ཡང་སེ་བརྗོད། “ཀྲུང་གོའི་ཁྱིམ་ཚང་དུ་མགྲོན་པོར་ཕྱིན་ན། སྦྱིན་བདག་གི་སེམས་རྩ་འཁོལ་པོ་དང་མངོན་ཆུང་ཁེངས་སྐྱུངས་མངོན་གྱི་འདུག” ཁོང་གིས་བལྟས་ན། གཤིས་རྒྱུད་དེ་རིགས་དང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་རང་གཤིས་ཡོངས་སུ་མངོན་པའི་སྲོལ་རྒྱུན་གཉིས་མི་འདྲ། དེ་དང་དུས་མཚུངས། ཁོང་གིས། ཕ་མར་བརྩི་བཀུར་བྱེད་པ་ནི་ཀྲུང་གོ་བས་རྒན་རབས་དང་ཉམས་མྱོང་ལ་བརྩི་འཇོག་བྱེད་པའི་འདུ་ཤེས་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད། ཁོང་གིས“ཀྲུང་གོའི་རིག་གནས་ཁྲོད། རྒན་རབས་པ་ཚོ་ནི་བློ་གྲོས་ཀྱི་བང་མཛོད་ལྟ་བུ་ཡིན་པ་ལས། སྤྱིར་བཏང་གི‘ལོ་ན་མཐོ་བའི་མི་རྒན’ཙམ་མ་ཡིན”ཞེས་བརྗོད།
ཕེ་ཁྲུན་ཧྭ་སོ་སོས་རྒྱ་ཡིག་ཧུར་ཐག་སྦྱངས་པ་མ་ཟད། དུས་ཡུན་རིང་པོའི་ནང་ཕྲུ་གུ་ཚོར་ཡང་རྒྱ་ཡིག་སློབ་སྦྱོང་བྱེད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། “ངས་ཀྲུང་གོའི་རིག་གནས་ཀྱིས་ཕྲུ་གུའི་འཚར་ལོངས་ལ་བསམ་པའི་འཚོ་བཅུད་སྦྱིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད” ཕེ་ཁྲུན་ཧྭ་ཡིས་ཕྲུ་གུ་ཚོ “རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་རྒྱ་ཡིག་འགྲན་བསྡུར་ནང་ཞུགས་པར་སྐུལ་ལྕག་བཏང་ཞིང་། ཁོང་གི་བུ་གཉིས་ཀ་ཐེན་ཅིན་དགེ་འོས་སློབ་ཆེན་དུ“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆུང་སློབ་མའི་རྒྱ་ཡིག་ངོམས་སྟོན་མཐའ་བསྡུར་ནང་ཞུགས་མྱོང་བ་དང་། རྒྱ་ཡིག་ཆུ་རྒྱུག་རྒྱུག་ཤོད་ཐུབ་པ་དང་། བྱང་ཆུབ་པའི་དྲག་རྩལ་སོགས་ཀྲུང་གོའི་སྲོལ་རྒྱུན་སྒྱུ་རྩལ་ཤེས་པས། རྒྱ་ཆེའི་དྲ་གྲོགས་ཚོས་དགའ་པོ་བྱེད་ཀྱི་ཡོད། བུ་རྒན་པ་ཡིའུ་ཙི་ཅུན་ལ་2024ལོའི་འགྲན་བསྡུར་སྐབས་བཞི་པའི་གོ་ལ་ཧྲིལ་པོའི་ཨང་དང་པོ་ཐོབ་པ་དང་། བུ་ཆུང་བ་ཡིའུ་ཙི་ཡོན་ལ་2025ལོའི་འགྲན་བསྡུར་སྐབས་ལྔ་པའི“ཉམས་འགྱུར་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་རེད།
ཕེ་ཁྲུན་ཧྭ་དགའ་འོས་པ་ཞིག་ལ། ཤར་ཕྱོགས་རིག་གནས་ནང་འདུས་པའི་ལྷིང་པོ་དང་། བློ་རྩེ་གཅིག་ཏུ་གཞོལ་བ། ཁེངས་ཆུང་གཤིས་འཇམ་བཅས་ཀྱི་སྤྱོད་བཟང་གིས་ཕྲུ་གུ་ཚོའི་གཤིས་ཀར་འགྱུར་ལྡོག་ཐེབས་བཞིན་ཡོད་པ་དང་། ཁོང་གིས“ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། ཕྲུ་གུ་ཚོས་ཀྱང་ངས་ཀྲུང་གོ་དེ་བས་ཤེས་རྟོགས་གཏིང་ཟབ་བྱེད་པར་སྣེ་ཁྲིད་བྱེད་བཞིན་ཡོད”ཅེས་བརྗོད།
“རྒྱ་ཡིག་གིས་ང་ཚོར་མཐོང་ཟུར་མི་འདྲ་བའི་ཐོག་ནས་འཛམ་གླིང་ཤེས་རྟོགས་བྱེད་པའི་གོ་སྐབས་སྦྱིན་ཡོད། རྒྱལ་ཁབ་དང་རྒྱལ་ཁབ་དབར་དྲོ་སྐྱིད་ལྡན་པའི་དམངས་ཁྲོད་ཀྱི་སྤེལ་རེས་དགོས་གལ་ཆེ”རྒྱ་ཡིག་སྦྱངས་པ་ནས་ཀྲུང་གོའི་རིག་གནས་ལ་དབྱིངས་ཞུགས་པའི་བར་དང་། ཀྲུང་གོའི་གཏམ་རྒྱུད་བརྗོད་པའི་བར། ཕེ་ཁྲུན་ཧྭའི་ནང་མི་ཚོ་ནི“ཟམ་པའི་ཐོག་བསམ་བློ་བཏང་ནས་ཡུལ་ལྗོངས་ལ་ལྟ་མཁན”ཙམ་མིན་པ་ཤེས་ཐུབ།
ཕེ་ཁྲུན་ཧྭ་ཡིས་ཀྲུང་གོའི་གློག་བརྙན་ལས་རིགས་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱི་ཡོད་ཅིང་། ཁོང་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་བྱ་དགའ་ཐོབ་པའི་ཀྲུང་གོའི་འཁྲབ་སྟོན་པས་སྒྱུ་རྩལ་ལ་བཅངས་པའི་ལྷག་བསམ་ལ་ཡི་རང་བ་དང་། ཚོང་དོན་ཐད་ཀྲུང་གོའི་གློག་བརྙན་ལ་ཐོབ་པའི་གྲུབ་འབྲས་དང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་སྣང་བྱུང་ལ། ཀྲུང་གོའི་ཐུན་མིན་གྱི་སྙན་ངག་ཉམས་ཀྱིས་ཕྱུག་པའི་གློག་བརྙན་མཛེས་རིག་ལའང་དབྱིངས་ཞུགས་ཡོད།
ལོ་20ཙམ་གྱི་གོང་། ཕེ་ཁྲུན་ཧྭ་ཡིས་ལམ་ཆས་ཁྱེར་ནས་ཁེར་རྐྱང་དུ་ཀྲུང་གོར་ཡོང་ནས་ཡུན་ནན་དུ་བསྐྱོད། ལོ་དེ་དག་རིང་། ཁོང་ཀྲུང་གོར་ཐེངས་མང་ཡོང་ནས། སྔོན་ཆད་བསྐྱོད་མྱོང་བའི་ས་ཆར་བསྐྱར་དུ་བསྐྱོད་པ་དང་། ཡང་ན་སྔོན་ཆད་འགྲོ་མྱོང་མེད་པའི་ས་ཆར་བསྐྱོད་དེ། ཀྲུང་གོ་འཕེལ་རྒྱས་ཀྱི་དཔང་པོར་གྱུར་ཡོད། ཐེན་ཅིན་དུ། ཁོང་དང་ཁོང་གི་ཕྲུ་གུ་ཚོ་རིག་ནུས་བཟོ་གྲྭ་དང་། ཚན་རྩལ་ཁང་། གྲུ་ཁ་སོགས་སུ་འཚམས་འདྲིར་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་དང་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཀྱི་གཏིང་ཤུགས་ཉམས་སུ་མྱངས་ཡོད།
འབྲེལ་ཡོད་གསར་འགྱུར།