སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུ་གཉིས་ཀྱི“ཚོགས་པ་དང་ཚོགས་ཆུང”ལ་ཞུགས་པ།
“འཆར་འགོད་ཡག་པོ་དང་ལག་བསྟར་བྱེད་ཤུགས་གཉིས་ཟུང་འབྲེལ་བྱེད་དགོས”
དུས་ཚོད། ཟླ་3ཚེས་5ཉིན་གྱི་ཕྱི་དྲོ།
ཉིན་རེའི་ལས་རིམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་ཞིབ་བཤེར་གནང་བ་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད་གསན་པ་སོགས། ཟླ་3ཚེས་5ཉིན་གྱི་སྔ་དྲོར་འགོ་ཚུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག“འཆར་འགོད”ནི་འགག་རྩའི་ཚིག་ཅིག་རེད། ཕྱི་དྲོ་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྱང“འཆར་འགོད”ནས་འགོ་བཙུགས་ཏེ་གསུངས་པ་སྟེ།
“ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་རྒྱུ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་བཀོད་སྒྲིག་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་རེད། འཆར་འགོད་ཡག་པོ་བཟོ་བར་ད་དུང་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་པ་དང་། འཆར་འགོད་ཡག་པོ་དང་ལག་ལེན་བསྟར་ནུས་གཉིས་ཟུང་འབྲེལ་བྱེད་དགོས། ང་རང་ཀྲུང་དབྱང་དུ་ལས་ཀ་བྱེད་པར་སླེབས་རྗེས‘ལོ་ལྔ་ཚན་བཅུ་གཉིས་པ’ནས‘ལོ་ལྔ་ཚན་བཅོ་ལྔ་པའི’བར་གྱི་འཆར་འགོད་བཟོ་བའི་ནང་ཞུགས་པས་མྱོང་ཚོར་ཟབ་མོ་བྱུང་། འཆར་འགོད་བཟོ་བའི་བརྒྱུད་རིམ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དར་སྤེལ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན”
“འཐབ་ཇུས་ངེས་ཅན་ཞིག་ཡོད་ན་བྱས་རྗེས་ངེས་ཅན་ཞིག་འཇོག་ཐུབ”སྔོན་ཆད་ས་གནས་སུ་ཕྱག་ལས་གནང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་འཆར་འགོད་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། ཞ་མོན་དུ་ཕུགས་ལ་ཕན་པའི《1985ལོ་ནས་2000ལོའི་བར་གྱི་ཞ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས》སྒྲིག་བཟོ་གཙོ་སྐྱོང་གནང་བ་དང་། ཀྲེ་ཅང་དུ་ཁོང་གིས་བཏོན་གནང་བའི“བརྒྱད་བརྒྱད་འཐབ་ཇུས”ལས་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།
ད་ཆའི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་བཏོན་གནང་བའི“བརྒྱད་བརྒྱད་འཐབ་ཇུས”ཁྲོད་ཀྱི“ཁྲི་སྟོང་འདུ་འགོད”ཀྱི་དུས་རབས་ཀྱི་ལེའུ་གསར་པ་ཞིག་རེད།
ཅིང་ཅང་གྲོང་ཁྱེར་ཏེ་ཧྲེང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཐུས་མི་དབྱང་ཧེང་ཅུན་གྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་པའི་མྱོང་ཚོར་གླེང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ལ་གསུངས་དོན།
“ཁྱེད་ཀྱིས་ངོ་སྤྲོད་བྱས་པའི་གནས་ཚུལ་ལ་བལྟས་ན། གྲོང་ཚོའི་དཔལ་འབྱོར་ལེགས་སུ་ཕྱིན་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ལའང་མཐོང་ཆེན་བྱས་པ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། གྲོང་གསེབ་ཏུ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་མི་བྱེད་པ་དང་ཕྱུག་པོར་མ་གྱུར་ན་མི་འགྲིག འོན་ཀྱང་དངུལ་ཡོད་པ་དང་ཕྱུག་པོར་གྱུར་བ་ཙམ་གྱིས་མི་འགྲིག གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སློབ་གསོ་དང་། གོམས་སྲོལ་སྒྱུར་བ། རིག་གནས་འཛུགས་སྐྱོང་བཅས་ལ་དམ་འཛིན་བྱེད་དགོས”
ལོ་ལྔའི་འཆར་འགོད་ནི་བྱ་གཞག་གི་སྐས་རིམ་ལྟ་བུ་ཞིག་ཡིན་ཞིང་། དེའི་ཐོག་ནས་འཐབ་ཇུས་རང་བཞིན་དང་། གཞི་ཆེའི་རང་བཞིན། སྲིད་ཇུས་རང་བཞིན་བཅས་མཚོན་གྱི་ཡོད་ལ། གོམ་པ་གཅིག་ལ་གཅིག་འབྲེལ་དང་ལམ་ཐག་གཅིག་ལ་གཅིག་འབྲེལ་ནས་ཡོད།
“རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་ཐིག་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་རྒྱུ་མཐའ་འཁྱོངས་བྱེད་དགོས”དེ་ནི་ལོ་ཟླའི་ཉམས་སད་བརྒྱུད་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་གི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་རེད། གྲོས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་ཀའི་གཙོ་གནད་དེ་ཟུངས་ནུས་ལ་སྦྱོང་བརྡར་ཡག་པོ་དང་རང་ངོས་སྟོབས་ཆེར་གཏོང་རྒྱུའི་ཐད་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་ཏན་ངང་གསུངས་པ་རེད།
དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བླང་དོར་བྱེད་དགོས་སམ།
སྤྱི་ཁྱབ་ཧྲུའུ་ཅིས“ཀྲུང་གོ་ས་རྒྱ་ཆེ་བས་ང་ཚོས་ངེས་པར་དུ་དངོས་ཚན་དཔལ་འབྱོར་གཉེར་དགོས། ཕྱོགས་གཅིག་དང་ཁྱབ་ཁོངས་གཅིག་ཀྱང་ཉུང་མི་རུང་། འབྲུ་རིགས་དང་འདྲ་བར་ཀྲུང་གོའི་ལྟོ་ཕོར་ནང་ངེས་པར་དུ་ཀྲུང་གོའི་འབྲུ་རིགས་བླུགས་དགོས་པ་དང་ངེས་པར་དུ་རང་ཁ་རང་གསོ་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
མཐོ་གསར་ལག་རྩལ་ཉོ་ཐུབ་བམ། དེ་འདྲེན་ཐུབ་བམ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་བར་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་བྱེད་མགྱོགས་སུ་གཏོང་བའི་བར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས“རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བ་ཁོ་ནར་ལྟ་མི་རུང་། ད་ལྟ་འཕར་བ་ནི་སྟོབས་ཤུགས་ཡིན་པ་དང་དོན་གཉེར་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་རེད། ཟམ་མི་ཆད་པར་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འདེགས་ཐོན་བརྗེ་བྱས་པ་བརྒྱུད། གོམ་སྟབས་རེ་རེ་བཞིན་མདུན་དུ་སྐྱོད་དགོས”ཞེས་གསུངས་པ་རེད།
“དཔལ་འབྱོར་ཐད་ནུས་ལྡན་གྱིས་སྤུས་ཚད་མཐོར་འདེགས་དང་ལུགས་མཐུན་གྱིས་འབོར་ཚད་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས་པ”དེ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ནན་བཤད་ཐེངས་མང་གནང་བ་ཞིག་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱའི་གྲས་ཤིག་ཀྱང་རེད།
འཐུས་མི་ཧྲི་ལེ་ནི་ཐུང་ཧྥུའུ་གློག་རྡུལ་ཕྲ་རབ་མ་རྐང་ཚད་ཡོད་ཀུང་སི་ནས་ཡིན་པ་དང་། ཁོང་གིས་ཚན་རྩལ་རང་སྟོབས་རང་སྤེལ་ནི་སྙིང་རུས་གཏན་འཁྱོངས་དང་གོམ་སྟབས་རེ་རེ་བཞིན་ལས་བྱུང་བ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས་ཁོང་གི་གཏམ་བཤད་གསན་རྗེས“ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་གཏོང་བར་རྒྱལ་སྤྱིའི་ཐོག་མཉམ་ལས་བྱེད་པ་དང་ཆབས་ཅིག རང་ཚུགས་རང་བདག་དང་རང་སྟོབས་རང་སྤེལ་མཐའ་འཁྱོངས་བྱས་ཏེ། ང་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་སྔར་བས་ལེགས་པར་ཁུར་དགོས”ཞེས་གསུངས་པ་རེད།
“‘ལོ་ལྔ་ཚན་བཅུ་བཞི་པ’ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་ལོ་ལྔ་པོ་དེ་རྒྱུན་གཏན་དང་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད”སྤྱི་ཁྱབ་ཧྲུའུ་ཅིས་བབ་བརླིང་ལྡན་པའི་ངང“‘ལོ་ལྔ་ཚན་བཅོ་ལྔ་པའི’དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་དེ་བས་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་གཅོག་པ་དང་དེ་བས་གཏིང་ཟབ་པའི་འགལ་ཟླ་ཐག་གཅོད་བྱེད་དགོས། ཅང་སུའུ་སོགས་དཔལ་འབྱོར་ཞིང་ཆེན་ཆེན་པོ་སྒྱུར་བཅོས་སྒོ་དབྱེའི་མདུན་གྲལ་དུ་གནས་ཡོད་པས། གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་ཉམས་མྱོང་གསོག་དགོས”ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།