རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཆི་བདེ་ཡིས་གསུངས་དོན།
ལས་སྒྲུབ་ཀྱི་རྒྱུགས་ལན་དེ་བས་ཚགས་ཚུད་དང་དྲོད་ཁོལ་ལྡན་པ་འབུལ་དགོས།

འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཆི་བདེ་ཡིན་པ།
སྤྱི་ལེ་3000ནི་གཞི་རིམ་གྱི་འཐབ་ས་དང་པོར་བརྟག་ཞིབ་ཏུ་བསྐྱོད་པའི་ལམ་ཐག་ཡིན་ལ་དེ་ལས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དེ་བས་ཀྱང་མངོན་གྱི་ཡོད།
ལས་སྒྲུབ་ཀྱི་ལོ་བཞི་པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཆི་བདེ་ཡིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐུགས་ལ་བཅངས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་དང་འགག་གནད་སེལ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད།
ལོ་འདི་དག་རིང་། འཆི་བདེ་ཡིས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བ་དང་ཞིང་འབྲོག་ཁུལ་གྱི་འབྲོག་ལས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཡུལ་མི་སྤུན་མཆེད་ཚོའི་སེམས་ལ་བསམས་པ་དང་རེ་སྒུག་བྱེད་པའི་གནད་དོན་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་སྙན་སེང་ཞུས་པ་དང་། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་བོད་དུ་བསྣམས་ཕེབས་ཀྱི་ཡོད།
འཆི་བདེའི་སྣེ་ཁྲིད་འོག ཕོ་རོང་ཐང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་འཛུགས་སྐྱོང་ཨང་དང་པོར་བཞག་ནས། ཏང་འཛུགས་སྐྱོང་ལས་དོན་དེ་དམངས་ཕན་ཞབས་ཞུ་དང་། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། རིག་གནས་དྲིལ་བསྒྲགས་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དེ་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བའི“གསར་བརྗེའི་འཐབ་སར”འགྱུར་བར་བྱས་ཡོད།
ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་འཆི་བདེ་ཡིས་ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་ཕྱིར་སྐྱེལ་རྟེན་གཞི་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ་འདོན་རྩིས་ཡོད།
“ནག་ཆུ་གྲོང་ཁྱེར་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། འབྲེལ་ཡོད་སྡེ་ཚན་དང་ས་གནས་སྲིད་གཞུང་གིས་ས་གནས་དེ་གའི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད” འཆི་བདེ་ཡིས། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་བསམ་གཞིག་བྱས་རྗེས། ངས་བརྟག་ཞིབ་ཀྱི་རྨང་གཞིའི་ཐོག་གྲོས་འགོ་འདི་བཏོན་པ་ཡིན། གྲོས་འགོ་འདི་དོན་འཁྱོལ་ཐུབ་ནས་ནག་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཉིད་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྔར་བས་ཡག་པོ་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།