དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སེམས་ནུས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་དོན་གཉེར་བྱེད། བབ་བསྟུན་འཕྲལ་སྒྲུབ་ཀྱིས་འགོ་གསར་པ་ཧུར་ཐག་རྩོམ།

    —— རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-09

    2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས། གཞིས་རྩེའི་དིང་རིའི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཤུགས་དང་ཆོད་སེམས་ཆེས་ཆེར་ཕྱིན་ཡོད།

    2025ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་3031.89ཟིན་པ་དང་། དཔལ་འབྱོར་གྱི་དམིགས་ཚད་མང་པོ་ཞིག་གི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དེ་ཐོག་ནས་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་མགྱོགས་མྱུར་སྐྱོད་པ་མཚོན་གྱི་ཡོད།

    བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འགག་སྒོའི་ལེགས་ཆར་བརྟེན་ནས་ཐོན་ལས་ཀྱི་ལེགས་ཆ་སྐྱེད་སྲིང་དང་ཁྲོམ་རའི་ལེགས་ཆ་འདོན་སྤེལ་གྱིས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་ཧུར་ཐག་བྱས་པ་མ་ཟད། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་འགག་སྒོ་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུའང་བཏང་ཡོད།

    “གཞིས་རྩེ་ནི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱོགས་པའི་སྒོ་དབྱེའི་མདུན་ཕྱོགས་སྐར་ཁུང་ཞིག་རེད”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྥང་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་27.4དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་1038ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་145ཙམ་མངོན་འགྱུར་བྱས་ཡོད།

    ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་བོད་ཀྱིས་རྒྱལ་སྤྱིའི་ཡུལ་སྐོར་བྱེད་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ས་གནས་དང་གྲོང་ཁྱེར་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ས་གནས་དེ་གའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་དེ། རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་ལྡན་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས“ད་ཆ་མེ་ཏོག་གི་སྐད་གྲགས་ཆོད་ཚད་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཡུལ་སྐོར་བའང་ཇེ་མང་དུ་འགྲོ་བཞིན་ཡོད། 2025ལོར་མེ་ཏོག་རྫོང་གིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་70ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.7ཙམ་བྱུང་ཡོད”ཅེས་གསར་འགོད་པར་གསུངས།

    “ད་ཆ་ཡུལ་མི་མི་ཉུང་བ་ཞིག་གིས་དྲ་རྒྱའི་ལས་སྟེགས་ཐོག་ཕ་ཡུལ་གྱི་མཛེས་ལྗོངས་ངོ་སྤྲོད་བྱེད་པ་མ་ཟད། ས་གནས་དེ་གའི་དམིགས་བསལ་ཐོན་རྫས་འགྲེམ་འཚོང་བྱས་ནས་རི་མཐོའི་ཇ་དང་ཤིང་འབྲས་ཞུ་མཁན་སོགས་ཐོན་རྫས་མེ་ཏོག་དང་ས་མཐོ་ནས་རྒྱལ་ཡོངས་སུ་འཚོང་གི་ཡོད། 2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་240རག་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད། ད་ཆ་ཡུལ་མི་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ནོར་བུ་གཡང་འཛོམས་ཀྱིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།