དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-09

     ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོཌ་འདུ་ཐེངས་བཞི་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་དེང་རབས་ཅན་ཞིག་རེད་ཅེས་ནན་བཤད་གནང་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཡིད་ཆེས་བརྟན་གཏོང་དང་དངོས་འཛིན་དངོས་སྒྲུབ་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱང་ལམ་གསར་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས། “དོན་ཆེན་བཞིར”དམ་པོར་དམིགས་ཏེ་དེང་རབས་ཅན་གྱི་ས་མཐོའི་ཁྱད་ལྡན་ཐོན་ལས་མ་ལག་གཏོད་པའི་ཐད་གནད་སྨིན་ཤུགས་འདོན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་མང་པོ་དམ་འཛིན་དང་བེད་སྤྱོད་ཡག་པོ། འཆར་འགོད་ཀྱིས་ཁྲིད་སྟོན་དང་སྲིད་ཇུས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྣམ་གྲངས་གལ་ཆེན་གྱི་གོང་འོག་ཐོན་ལས་འཁོར་འབྲེལ་གང་མགྱོགས་འཛུགས་སྐྱོང་བྱེད་དགོས་པ་དང་། སེམས་ནུས་ཡོད་རྒུས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། དམངས་འཚོར་ཕན་འདོགས་པའི་སྲིད་ཇུས་དང་བྱེད་ཐབས་དེ་བས་མང་བ་ཇུས་འགོད་དང་ལག་བསྟར། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཚེ་རིང་སྒྲོལ་དཀར་གྱིས། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་པ་དང་། བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ངོས་འཛིན་གསལ་རྟོགས། ཡུལ་བབ་དང་བསྟུན་པ་བཅས་བྱས་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་བློ་ཁོག་ཆེན་པོས་འཚོལ་ཞིབ་ཀྱིས་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ལམ་བུར་བསྐྱོད་དགོས་ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ནན་ཏན་གྱིས་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་གྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས། བླང་བྱ་འདིར་བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་མཐུན་ཆ་ཆེན་པོ་བྱུང་ཡོད།

    “མཐའ་མཚམས་ཀྱི་གཞི་རིམ་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ངས་ཁ་ཕྱོགས་དེ་བས་གསལ་དུ་ཕྱིན་པ་དང་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པ་ཚོར་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཟླ་བ་སྒྲོལ་མས་བཤད། ཁུལ་ཆུང་རྙིང་པ་མང་བ་དང་། ཕྱོགས་མི་མང་བ། དམངས་འཚོའི་དགོས་མཁོ་སྣ་མང་བཅས་ཀྱི་ཁོངས་གཏོགས་ཁུལ་གྱི་ཁྱད་ཆོས་ལ་གཞིགས་ནས། ཁོང་གིས་དྲ་མིག་ཅན་གྱི་བཅོས་སྐྱོང་བྱེད་སྟངས་ཟབ་ཏུ་བཏང་ཞིང་། འགྲོ་ལམ་དང་། ཁོར་ཡུག སྡེ་ལས། རྒན་གསོ། བུ་བཅོལ་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། རྨང་གཞིའི་སྒྲིག་བཀོད་ལ“སྒྱུར་བཀོད་ཕྲན་བུ”བྱ་རྒྱུར་སྐུལ་འདེད་བཏང་ནས་ཐ་སྐྱོང་འགན་ལེན་དེ་བས་བརྟན་པ་དང་། སྤྱི་པའི་ཞབས་ཞུར་བརྩེ་བས་ཕྱུག་པ། མཉམ་སྐྲུན་མཉམ་སྤྱོད་དེ་བས་ཟབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    བོད་ཤར་གྱི་འབྲོག་ར་ནས་ཡར་ཀླུང་གཙང་པོའི་ངོགས་བར་དང་ལས་ཁུངས་ཚན་པ་ནས་ཁྲོམ་གཞུང་སྡེ་ཁུལ་བར། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དག་ས་མཐོའི་བུ་ཕྲུག་ཚོས་འབད་འབུངས་སྟོབས་བརྩོན་གྱི་བྱ་སྤྱོད་དངོས་ལ་སྒྱུར་བཞིན་ཡོད་ལ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་བོད་ཀྱིས་དངོས་སྒྲུབ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ལེའུ་གསར་རྐྱང་རྩོམ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།