དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་སྲིད་གྲོས་ཀྱི་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།

    རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།

    ཨུ་ཡོན་ལིའུ་ཅ་དབྱི་ཡིས་གཏམ་བཤད་གནང་སྐབས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། གསར་གཏོད་སྐུལ་སྤེལ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། བརྒྱུད་རིམ་ལྡན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དྲང་གཞག་ཐོབ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཧོ་ཅིན་ཧྭ་ཡིས་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། རང་བརྟེན་ཚོད་འཛིན་རུང་བའི་དམའ་རིམ་ལག་རྩལ་ནི་རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་དང་རྒྱུན་མཐུད་གསར་གཏོད་བྱེད་ནུས་ཀྱི་འགན་ལེན་ཞིག་ཡིན་པས། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཐབས་ལམ་མང་བའི་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། དམའ་རིམ་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་དང་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཐོན་ལས་ཅན་གྱི་བཀོལ་སྤྱོད་དང་སྐུལ་འདེད་ཀྱི་ནུས་པ་འདོན་པ་བཅས་བྱས་ཏེ། རང་བརྟེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཧོང་ཆུན་ཧུའེ་ཡིས་གཏམ་བཤད་གནང་སྐབས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་བཞག་ནས་རྨང་གཞིའི་ཞིབ་སྤེལ་ལ་རྒྱུན་མཐུད་བརྟན་ལྷིང་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་ཁྱད་ཆོས་གཞིར་བཟུང་རིགས་དབྱེ་ཇུས་བསྟར་བྱེད་པ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། དངོས་པོར་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་ལེགས་ཆ་གསར་པ་གཏོད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཤེ་ཏུང་གིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྣེ་འདྲེན་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་ལྕག་སྐུལ་བྱེད་པ། གཞོན་ནུ་གསར་གཏོད་ཤེས་ལྡན་པ་དེ་བས་མང་བར་འགན་འཁྲི་འཁུར་དུ་འཇུག་པ། ཚན་རྩལ་ཁེ་ལས་གསར་པར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་དང་དེ་བས་འཚམ་པའི་ཁྲོམ་རའི་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཝང་ཅན་ཅུན་གྱིས་གཏམ་བཤད་གནང་སྐབས། ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་རླབས་པོ་ཆེ་མངོན་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་ཐུགས་བརྩེ་ཟབ་མོ་མཚོན་པར་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་གཏོང་བར་རམ་འདེགས་བཅས་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཅང་ལི་ཕིང་གིས་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ལྷན་གྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་། ཐའེ་དབན་གྱིས་མ་རྩ་བཏང་བའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་འབྲེལ་མཐུད་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བར་རམ་འདེགས་བྱེད་པ། སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་ཆེ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་གྱུར་པ་ལས་སྤུན་ཟླ་ཐའེ་དབན་བར་ཕན་པ་ཐོབ་པ་དང་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྒུལ་ཤུགས་བསྣན་ནས། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་སྟོབས་ཤུགས་མུ་མཐུད་སྣོན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཆི་ཤང་ཏུང་གིས་གཏམ་བཤད་གནང་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་བདེ་འཇགས་འཕེལ་རྒྱས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཐུན་སྦྱོར་འཁོར་འབྲེལ་ཤར་གཏོང་བྱེད་པ། ཐཱན་རྩེར་སོན་ཡོང་བར་སྐུལ་འདེད་བརྟན་པོ་གཏོང་བ་དང་མངོན་འགྱུར་ཧུར་ཐག་བྱེད་པ། “AI+བདེ་འཇགས”ཀྱི་འཁོར་གཉིས་སྒུལ་ཤུགས་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་བརྟན་དུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཝང་ཅུན་ཅིན་གྱིས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། དམངས་གཉེར་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱུ་ནོར་བདག་དབང་ལ་སྲུང་སྐྱོང་དང་། ཁྲོམ་རར་ཞུགས་འཐུས། སྤྱི་ཚོགས་ཀྱི་ཡིད་རྟོན་སོགས་ཐད་ཀྱི་བཅའ་ཁྲིམས་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གཏོང་མཁན་གྱི་ཡུན་རིང་གི་སྔོན་དཔག་བརྟན་དུ་གཏོང་བ། དངུལ་རྩའི་ཞབས་ཞུ་དང་། ཚན་རྩལ་གསར་གཏོད་ལས་སྟེགས། ཉེར་སྤྱོད་རྣམ་པ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཁྲོད་ཀྱི་མ་རྩ་གསར་དར་ཁྱབ་ཁོངས་དང་འབྱུང་འགྱུར་ཐོན་ལས་ལ་འཇོག་པར་ཁྲིད་སྟོན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དམངས་གཉེར་ཁེ་ལས་ཀྱིས་བྱས་རྗེས་སྔར་ལས་ཆེ་བ་འཇོག་པར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ལི་རུང་ཚན་གྱིས་གཏམ་བཤད་གནང་སྐབས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧའེ་ནན་དང་ཤང་ཀང་གི་མཉམ་ལས་ཟབ་ཏུ་གཏོང་བ། རང་མོས་ཚོང་དོན་གྲུ་ཁའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པ། ཡིད་རྟོན་རྨང་གཞིར་བྱེད་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་ཁྲིད་སྟོན་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་སྐྲུན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཀྲོའུ་ཀྲི་ཧྭ་ཡིས་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་གི་སྤྱི་འདོམས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཤེས་རྩལ་འཛོམས་པའི་གསར་གཏོད་ཤེས་ལྡན་པའི་གསོ་སྐྱོང་གི་མ་ལག་གཏོད་པ། རིག་ཚན་གྱི་འགོག་རྐྱེན་སེལ་བར་སྐུལ་འདེད་གཏོང་བ། རིག་ཚན་བརྒལ་བའི“ཕྱོགས་གཉིས་ཡིག་སྒྱུར”དང་མཉམ་ལས་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། གྲངས་གཞི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་ཀྱིས་ཚན་ཞིབ་ཀྱི་སྤྱི་འགྲོས་འཕོ་འགྱུར་ལ་ཁྲིད་སྟོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཁྲེང་ཅན་ཕིང་གིས་གཏམ་བཤད་གནང་སྐབས། དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེའི་ལག་ལེན་སློབ་ཚན་ཡག་པོ་འཚོགས་པ་དང་། སྤྱི་ཚོགས་སློབ་ཚན་གྱི་མི་སྐྱོང་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་དང་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱིམ་ཚང་དང་། སློབ་གྲྭ། སྡེ་ཁུལ་བཅས་མཐུན་སྦྱོར་ངང་མི་སྐྱོང་གི“སློབ་གསོའི་མཉམ་འབྲེལ་ཚོགས་པ”འཛུགས་པར་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྤྱད་དེ་བསམ་བློ་ཆབ་སྲིད་སློབ་ཚན་དང་སྤྱི་ཚོགས་སློབ་ཚན་སྔར་བས་མཉམ་འདྲེས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཧོ་ཏན་གྱིས་གཏམ་བཤད་གནང་སྐབས། བུ་བཙའི་ཐད་ཀྱི་རྒྱབ་སྐྱོར་ནི་མི་ཤུགས་ཀྱི་མ་རྩ་གཏོང་བའི་དགེ་མཚན་ལྡན་པའི་འདུ་ཤེས་འཛུགས་པ་ཞིག་ཡིན་པས། བུ་བཙའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་སྐུལ་ལྕག་བྱེད་ཐབས་ལེགས་སུ་གཏོང་བ་དང་། བུ་བཙའི་འགན་བཅོལ་དང་ལྟ་སྐྱོང་ཞབས་ཞུ་སོགས་ཀྱི་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་བུ་བཙའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། གཉེན་སྒྲིག་དང་བུ་བཙའི་ལྟ་བ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ་བུ་བཙར་བརྩི་འཇོག་དང་ཁྱིམ་ཚང་འཆམ་མཐུན་གྱི་གླེང་ཕྱོགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཐའོ་ཁེ་ཡོན་གྱིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཚན་རིག་དང་སློབ་གསོའི་མཉམ་ལས་དེ་མཐོ་རིམ་སློབ་གསོ་ནས་རྨང་གཞིའི་སློབ་གསོའི་བར་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རིག་གི་ཐོན་ཁུངས་དང་སློབ་གསོའི་ཐོན་ཁུངས་དང་། དེ་བཞིན་ཞིབ་འཇུག་ཐོན་ཁུངས་དང་སློབ་ཁྲིད་ཐོན་ཁུངས་ཀྱི་ཕྱོགས་གཉིས་འཁོར་རྒྱུག་དང་ནུས་ཆེའི་སྒྲིག་བཀོད་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཕྱོགས་སྟོན་དུ་བྱེད་པའི་མི་སྐྱོང་གི་དམིགས་ཚད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་རྗེས་གྲབས་ཤེས་ལྡན་པ་སྐྱེད་སྲིང་ཧུར་ཐག་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་མོ་རུང་གིས་གཏམ་བཤད་གནང་སྐབས། ལས་ཞུགས་ཐད་ཀྱི་རྒྱབ་སྐྱོར་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་དེ་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་དགོས་མཁོ་དང་སྔར་བས་འཚམ་པར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཀྱི་ཆ་འཕྲིན་ཐོན་ཁུངས་མཛོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རིག་ནུས་ཅན་གྱི་ལས་ཞུགས་ཞབས་ཞུའི་ལས་སྟེགས་སྐྲུན་པ། ངལ་རྩོལ་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།