དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོས“ཨུ་ཡོན་བགྲོད་ལམ”དུ་ཕེབས་ཏེ་གསུངས་དོན།

    “འདི་ནི་ལོ་60ཡི་གོང་ཕ་མེས་ཚོའི་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་པའི་རྣམ་པ་ཞིག་རེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-09

    ཟླ་3ཚེས་7ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི“ཨུ་ཡོན་བགྲོད་ལམ”ཐེངས་གཉིས་པར་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སྨན་སྐྱིད་མཚོ་མོས་ལུས་ལ་བོད་ཆས་གྱོན་ཏེ་བབ་ཆགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས། གངས་ལྗོངས་ས་མཐོའི་སྨན་བཅོས་བྱ་གཞག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བའི་སྐོར་ལྷུག་པོར་གླེང་གནང་བ་རེད།

    “ན་ནིང་ང་རང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་ཡིན། དེ་ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་རིགས་ཁག་གི་སྤུན་ཟླ་ཚོས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་དང་། ཕྲུ་གུ་ཚོའི་འཛུམ་མདངས་ནི་དེ་བས་ཀྱང་ལྷད་མེད་གཞུང་དྲང་ཞིག་འདུག རྣམ་པ་དེ་ངས་དུས་ནམ་ཡང་བརྗེད་པ་མི་འདུག”ཅེས་ཕྱིར་དྲན་གནང་བཞིན་གསུངས།

    “འདི་ནི་ལོ་60ཡི་གོང་ཕ་མེས་ཚོའི་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་པའི་རྣམ་པ་ཞིག་རེད”ཅེས་སྨན་སྐྱིད་མཚོ་མོས་མྱོང་ཚོར་ཟབ་མོས་གསུངས།

    སྨན་སྐྱིད་མཚོ་མོ་ནི་བྱང་རྩྭ་ཐང་དུ་སྐྱེས་པ་དང་། ཆུང་དུས་ནས་སྨན་པའི་ལས་ལ་གཞོལ་བཞིན་པའི་ཕ་མེས་ཚོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལོ་13ནས་བཟུང་བོད་ལུགས་གསོ་རིག་ལ་སྦྱངས་པ་བྱེད་འགོ་བརྩམས། སློབ་གྲྭ་ཐོན་རྗེས་ནག་ཆུ་སྙན་རོང་རྫོང་དུ་ལས་བགོས་བརྒྱབ་པ་དང་། སྐབས་དེ་དུས་གྲོང་ཚོ་མང་པོ་ཞིག་ཏུ་གཞུང་ལམ་ཤར་གཏོང་ཐུབ་མེད་སྟབས་ཁོང་གིས་རྟག་པར་ཤང་དང་གྲོང་ཚོར་ནད་པ་ལྟ་བར་འགྲོ་གི་ཡོད། ཐག་རིང་ལུང་ཁུག་གི་འབྲོག་པར་ནད་ཕོག་ཚེ་སྨན་པ་དཀོན་ལ་སྨན་རྫས་ཉུང་བས། སྡུག་རུས་བཟོད་བསྲན་བྱས་ནས་སྡོད་དགོས་ལ། ཡང་ན་རྟ་བཞོན་ནས་ཆུ་ཚོད་བདུན་བརྒྱད་ཙམ་བསྐྱོད་མཐར་གཞི་ནས་སྨན་བཅོས་བྱེད་སར་སླེབས་ཀྱི་ཡོད། མྱོང་བ་དེ་དག་ཁོང་གིས་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས་ཡོད།

    སྨན་སྐྱིད་མཚོ་མོས། རྒྱལ་ཁབ་ཀྱིས་གཞི་རིམ་གྱི་སྨན་བཅོས་དང་སྤྱི་པའི་སྒྲིག་བཀོད་ལ་གཏོང་ཆ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་བསྟུན་ནས། དེ་སྔ་སྨན་པ་བསྟེན་པར་ཐག་རིང་དུ་འགྲོ་བའི་ལམ་ཐག་ཆེས་ཆེར་ཐུང་དུ་ཕྱིན་ཡོད་པ་དང་། རྒྱུན་མཐོང་གི་ནད་གཞི་ཡིན་ཚེ་ཁྱིམ་གྱི་སྒོ་རྩ་ནས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། ད་དུང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་བོད་ཀྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ངོ་བོའི་རང་བཞིན་གྱི་ལེགས་སུ་ཕྱིན་པས། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་དང་བསྡུར་ན་ལྡབ་གཅིག་ལྷག་ཙམ་རིང་དུ་ཕྱིན་ནས་ཞིང་འབྲོག་པའི་ཚེ་སྲོག་བདེ་ཐང་གི་དབང་ཆར་འགན་ལེན་བརྟན་པོ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    མཇུག་ཏུ་སྨན་སྐྱིད་མཚོ་མོས“བདེ་སྐྱིད་ལྡན་པའི་འཚོ་བ་འདི་དག་ནི་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད། དེར་བརྟེན་བོད་རིགས་སྤུན་ཟླས་རྒྱུན་དུ‘བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད’ཅེས་བརྗོད་ཀྱི་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་ལེགས་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།