2025ལོར་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་181ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་28ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཆ་ཚང་ཡོངས་བསྒྲགས་བྱས་ཤིང་། སྙན་སྒྲོན་ནང་མངོན་དོན། 2025ལོར་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཅིན་ཤང་ཅུན་དང་། ལན་ཐེན་ལི། ཝང་ལི་ཞ། པི་ཅིང་ཆོན། ཆེ་དགྲ་ལྷ། ཅང་ཁྲའོ་ལེང་། ལིའུ་ཧུད། དབྱི་ཧུད་མན་སོགས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་181ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
སྙན་སྒྲོན་ལྟར་ན། 2025ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་ཁྲི་101.2གྱོད་ཐོ་བཀོད་པ་དང་། མི་ཁྲི་4.7བཀག་ཉར་བྱས་པ། མི་ཁྲི་98.3ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་ཡོད། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”ལ་བརྟེན་ནས་མི་ཐེངས་ཁྲི་198.4ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་ཡོད། ཟིལ་གནོན་ཆེན་པོ་དང་སྲིད་ཇུས་ཀྱི་འབོད་སྐུལ་འོག་མི་ཁྲི་2.6གིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཡོད་པ་རེད།
“སྤྱོད་ཚུལ་བཞི”རྒྱུན་མཐུད་ནན་འགོག་བྱས་ཤིང་། སྙན་སྒྲོན་ནང་མངོན་དོན། 2025ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་ཁྲི་15ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྲི་14.1ཞིབ་བཤེར་ཐག་གཅོད་བྱས་པ། མི་ཁྲི་37.6ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད་པ་རེད།
སྙན་སྒྲོན་ལྟར་ན། 2025ལོར་རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མངའ་ཁོངས་སྒྲོལ་བའི་རུལ་སུངས་གྱོད་གཞི་505གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། “གནམ་དྲ་2025”ཡི་བྱ་སྤྱོད་དང་ལས་ཐོག་ཉེས་གསོག་གི་མངའ་ཁོངས་ཕྱི་ནས་ནག་དངུལ་ནག་དངོས་འདེད་ལེན་གྱིས་གྱོང་གུན་མི་ཕོག་པ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ཕྱིར་བྲོས་མི་སྣ་963རྗེས་འདེད་ཚུར་འགུག་བྱས་ནས“འཛིན་རྒྱ་དམར་པོ་བཏང་བའི་མི་བརྒྱ”ཨེ་ཤེ་ཡ་ས་ཁུལ་དུ་གཙང་སེལ་བྱས་པ་རེད།
ཆུང་ཟ་ཆུང་རུལ་ལ་ཆད་གཅོད་ནན་པོ་བྱས་ཤིང་། སྙན་སྒྲོན་ནང་མངོན་དོན། 2025ལོར་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་8116ཐད་ཀར་ཞིབ་བཤེར་སྒྲུབ་སྐུལ་བྱས་པ་དང་། རྒྱལ་ཡོངས་ནས་འབྲེལ་ཡོད་གནད་དོན་ཁྲི་96.7ཞིབ་བཤེར་ཐག་གཅོད་བྱས་པ། མི་ཁྲི་62.7ལ་ཆད་པ་བཅད་པ། མི་ཁྲི་2.2ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བཅས་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཡོངས་སུ་ཁྱོན་བསྡོམས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་371.6ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་མང་ཚོགས་ལ་རྒྱུ་དངོས་སྒོར་དུང་ཕྱུར་776.3ཕྱིར་སློག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།