དྲ་རྒྱའི་སིལ་ཚོང་ཁྲོམ་རའི་གཞི་ཁྱོན་ལོ་13བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།
རང་རྒྱལ་གྱི་དྲ་རྒྱའི་འཛད་སྤྱོད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་རྒྱུན་འཁྱོངས་ཐུབ་པ།
ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་རྒྱལ་གྱི་གྲངས་འཛིན་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་བཏང་བས་གྲངས་འཛིན་འཛད་སྤྱོད་ཀྱི་སྤྱི་ཡོངས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་23.8ལས་བརྒལ་ནས་ལོ་13བསྟུད་མར་གོ་ལ་ཧྲིལ་པོའི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་པ་རེད།
རང་རྒྱལ་གྱི་དྲ་རྒྱའི་འཛད་སྤྱོད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་རྒྱུན་འཁྱོངས་ཐུབ་ཅིང་། 2025ལོར་དྲ་ཐོག་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་15.97ཟིན་པ་དེ་དུས་མཚུངས་ལས་8.6%འཕར་བ་དང་འཕར་ཚད་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.4མགྱོགས་སུ་ཕྱིན་ཡོད། དེའི་ནང་ཚོང་ཟོག་དྲ་ཐོག་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་13.09ཟིན་པ་དེ་5.2%འཕར་ནས་དུས་མཚུངས་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་གི་བསྡོམས་འབོར་བརྒྱ་ཆའི་གྲངས་1.3འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཐད་གཏོང་ཟོག་ཚོང་དང་དུས་ཐོག་སིལ་ཚོང་སོགས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་མགྱོགས་མྱུར་གྲུབ་ཡོད། ཐད་གཏོང་དྲ་ཐོག་ཚོང་དོན་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་སྟེ། 2025ལོར་ཐད་གཏོང་ཉོ་ཚོང་གྲངས་འབོར་ལོ་གོང་མ་ལས་11.3%འཕར་བ་དང་དུས་ཐོག་སྡེབ་སྐྱེལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་འཛད་སྤྱོད་པའི་དགོས་མཁོ་དེ་བས་མགྱོགས་ལ་ལེགས་པའི་སྒོ་ནས་སྐོང་ཐུབ་ཡོད།
དྲ་རྒྱའི་སིལ་ཚོང་གི་བཀྲག་མདངས་འཚེར་བའི་གྲུབ་འབྲས་དེ་རང་རྒྱལ་གྱི་གྲངས་འཛིན་འཛད་སྤྱོད་ཀྱི་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་འཕར་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།
དྲ་རྒྱའི་སིལ་ཚོང་གིས་འཛད་སྤྱོད་རིམ་སྤོར་ལ་སྣེ་ཁྲིད་བྱས་ནས་དམངས་འཚོའི་བདེ་སྐྱིད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
སྟབས་བདེ་དང་ནུས་ཆེའི་དྲ་རྒྱའི་ཉོ་སྒྲུབ་དེ་ཀྲུང་གོའི་འཛད་སྤྱོད་པའི་གདམ་ག་ཡག་ཤོས་སུ་གྱུར་ཡོད། ཚོང་དོན་གྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། 2025ལོར་ལག་ཐོགས་ཁ་པར་དང་རིག་ནུས་འཕྲུལ་མི་སོགས་གྲངས་འཛིན་ཐོན་རྫས་དྲ་ཐོག་སིལ་ཚོང་གྲངས་འབོར་20.5%དང་18%སོ་སོར་འཕར་ཡོད། དྲ་རྒྱའི་སིལ་ཚོང་གིས་རིག་ནུས་འཛད་སྤྱོད་དང་། སྤུས་ཚད་འཛད་སྤྱོད། ལྗང་མདོག་འཛད་སྤྱོད་བཅས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཏེ། “སོར་རྩེའི་མངགས་ཐོ། ཚོང་ཟོག་སྒོ་ཁར་སྐྱེལ་བའི”སྟབས་བདེའི་བྱེད་ཐབས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད།
དྲ་རྒྱའི་སིལ་ཚོང་གིས་ཐོན་ལས་ཕྱོགས་སྒྱུར་ལ་རམ་འདེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས་ཡོད།
དྲ་ཐོག་ཚོང་དོན་གྱིས་མཁོ་སྤྲོད་དང་དགོས་མཁོ་དེ་བས་ལེགས་པའི་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱས་ཡོད།
2025ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་དང་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་འཚོང་གྲངས་འབོར་ཁག་སོ་སོར་6.7%དང་9.9%འཕར་བ་དང་། འཁལ་འཐག་ཐོན་རྫས་དང་སྨན་རྫས་ཐོན་ལས་ཀྱི་དྲ་ཚོང་གྲངས་འབོར་ཁག་སོ་སོར་6.6%དང་3.8%འཕར་ཡོད། དེ་དང་ཆབས་ཅིག་དྲ་ཐོག་ཚོང་དོན་གྱིས་ཟོག་འགྲེམས་མྱུར་སྐྱེལ་དང་། འཕྲིན་གཏོང་མཉེན་ཆས། མི་ཐབས་རིག་ནུས་སོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
དྲ་རྒྱའི་སིལ་ཚོང་གིས་རྒྱལ་ཁབ་ཕྱི་ནང་འབྲེལ་མཐུད་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་ཉམས་བཟང་གསར་པ་མཉམ་དུ་བཏོད་ཡོད། ཀྲུང་གོའི་དྲ་རྒྱའི་སིལ་ཚོང་གི“གྲོགས་ཚོགས”སྔར་བས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། 2025ལོར་ཀྲུང་གོའི“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”རོགས་ཟླའི་རྒྱལ་ཁབ་36བར་རྒྱ་ཆེར་བཏང་ཡོད། ཧྲང་ཧའེ་ཡི“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”མཉམ་ལས་སྔོན་སྐྱོད་ཁུལ་དུ་གྲངས་འཛིན་ཐོབ་ཐང་རྒྱལ་མཚམས་ལས་བརྒལ་བའི་ཕན་ཚུན་ཁས་ལེན་སོགས་ཀྱི་ལམ་ལུགས་རྣམ་པའི་གསར་གཏོད་གྲུབ་འབྲས་ཁག་12ཆགས་པ་དང་འབྲེལ་ཁྱབ་གདལ་ཡང་བཏང་ཡོད། ཚོང་དོན་གྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། 2025ལོར་གཙོ་གནད་ཁོངས་བརྒལ་དྲ་ཐོག་ཚོང་དོན་གྱི་ནང་འདྲེན་ལས་སྟེགས་ཀྱི་སིལ་ཚོང་གྲངས་འབོར་5.6%འཕར་ཡོད། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་བཞི་པའི་ནང་རྒྱལ་ཁབ་དང་ས་ཁུལ་154ཡི་ཁེ་ལས་1812འགྲེམས་ཚོགས་སུ་ཞུགས་ནས་གཞི་ཁྱོན་སླར་ཡང་མཐོ་ཤོས་བཏོད་ཅིང་། ཕུད་འགྲེམ་དང་། ཕུད་ངོམ། ཕུད་སྟོན་བཅས་ཁག་382བྱས་པ་90%ཙམ་འཕར་ནས་ཀུན་ཕན་གཉིས་ཕན་གྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་དྲ་ཐོག་ཚོང་དོན་གྱི་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།