དམངས་གཙོ་དར་སྤེལ་བཏང་ནས་བློ་བསྡུས་དགེ་འཚོལ་བྱེད་དགོས།
“དམངས་གཙོ་དར་སྤེལ་བཏང་ནས་བློ་བསྡུས་དགེ་འཚོལ་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བྱེད་དགོས”ཞེས་ཟླ་2ཚེས་27ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་ཞིབ་དང་གྲོས་བསྡུར་བྱེད་པར་བླང་བྱ་ཁ་གསལ་བཏོན་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཡག་པོ་འཚོག་རྒྱུར་ཁྲིད་སྟོན་གལ་ཆེན་བྱས་ཡོད།
ཇི་ཙམ་གྱི་བྱ་གཞག་རླབས་པོ་ཆེ་ཡིན་ཚེ་དེ་ཙམ་གྱིས་བློ་བསྡུས་ཤུགས་སྒྲིལ་བྱེད་དགོས་ཤིང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཆེད་དོན་བརྟག་ཞིབ་བྱེད་པ་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གྲོས་འགོ་རྒྱ་ཁྱབ་ཉན་པའི་བར་དང་། དེ་ནས་དྲ་རྒྱའི་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོ་སྤེལ་བར་བསམ་འཆར་ཁག་ཁྲི་311.3འབྱོར་བའི་བར་ལ་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཆར་འགོད་གཏན་འབེབས་བྱེད་རིང་ཐད་ཀར་ཐབས་ཇུས་འདྲི་བ་དང་དམངས་ལ་ཐབས་ཇུས་འདྲི་བ་མཐའ་འཁྱོངས་བྱས་པ་དེ་ཐོག་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མངོན་གསལ་དོད་པའི་ལེགས་ཆ་མངོན་པ་དང་དུས་དཔག་བབ་བསྟུན་གྱི་འགོ་ཡག་པོ་འཛུགས་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།
དམངས་གཙོ་དར་སྤེལ་གཏོང་བར་མི་དམངས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དེ་བས་དམིགས་དགོས་ཤིང་། ཇི་ལྟར་བྱས་ཏེ“རྒན་གཅིག་གཞོན་གཅིག”ལ་གཅེས་སྐྱོང་ཡག་པོ་བྱེད་དགོས་སམ། ཇི་ལྟར་བྱས་ཏེ་སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཤོང་རྒྱ་ཆེ་རུ་དང་སྤུས་འཕར་རྒྱུན་མཐུད་ཐུབ་པ་བྱེད་དགོས་སམ། དེ་ནི“རྒྱལ་དོན”རེད་ལ“ཁྱིམ་དོན”ཡང་རེད། དམངས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སྐད་ཆ་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་རྒྱ་ཁྱབ་བྱས་ཚེ། གཞི་ནས་འཆར་འགོད་གཏན་འབེབས་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྒུག་དང་བསྟུན་ཐུབ་པ་དང་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་ཐུབ།
བློ་བསྡུས་དགེ་འཚོལ་བྱེད་པར་འགག་རྩ་ནི་དངོས་སྒྲུབ་ལ་ཐུག་ཡོད། དམངས་གཙོ་ནི་མཐར་གཏུགས་ནས་བརྗོད་ན་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་འཁོན་ཐོགས་དང་འགག་སའི་གནད་དོན་ལ་དམིགས་ནས་ཐབས་ཇུས་དངོས་འདོན་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་ལ་དམིགས་ཏེ་ཇུས་བཟང་བཏོན་ཐོག་བསམ་ཚུལ་དང་བྱེད་ཐབས་བཟང་པོ་དང་ཡག་པོ་མང་ཙམ་བཏོན་ཚེ་གནད་དོན་ཐག་གཅོད་བྱེད་རིང་འཕེལ་རྒྱས་གསར་པ་དང་ལེགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ།
ད་ཆའི་ཀྲུང་གོ་ནི་མདའ་ཤོང་མདུང་ཤོང་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ཐོབ་པར་བློ་ཁ་གཅིག་གཏད་བྱེད་ཀྱི་ཡོད། མི་དམངས་ཁྲི་ཚོ་དུང་ཕྱུར་མང་པོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཚེ་ང་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་བརྟན་ལ་ཤུགས་དང་ལྡན་པ་ཞིག་ཡོང་ངེས་རེད།
འབྲེལ་ཡོད་གསར་འགྱུར།