རང་རྒྱལ་འདི་ཉིད་སྔར་བཞིན་འཛམ་གླིང་གི་ཀུ་ཤུ་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེ་ཤོས་དང་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་ཡིན་པ།
ཀྲུང་གོ་བའི“ཤིང་ཏོག་སྡེར་མའི”ནང་ཀུ་ཤུས་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོ་ཀུ་ཤུའི་ཐོན་ལས་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཀུ་ཤུའི་ཐོན་ལས་ལག་རྩལ་མ་ལག་དང་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་སྙན་ཞུ》ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་རྒྱལ་གྱིས་འཛམ་གླིང་གི་ཀུ་ཤུ་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེ་ཤོས་དང་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་བརྟན་པོར་བཟུང་ཡོད། ཀུ་ཤུའི་དུས་བཅད་ཚོང་ཟོག་དེ་གོ་ལ་ཧྲིལ་པོའི་ཤིང་འབྲས་སོས་པའི་དུས་བཅད་ཚོང་ཟོག་གི་སྣ་ཁར་ཐོག་མར་གྱུར་ཏེ། རྒྱལ་སྤྱིའི་རིན་གོང་མ་ལག་ཁྲོད་ཀྱི་རང་རྒྱལ་གྱི་སྐད་ཆ་ཤོད་དབང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
སྙན་ཞུ་ལས་མངོན་པར། རང་རྒྱལ་གྱི་ལོ་རེའི་ཀུ་ཤུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་5100ལྷག་ཙམ་ཟིན་པ་དང་ལོ་རེར་འཛད་སྤྱོད་བྱེད་ཚད་ཏུན་ཁྲི་4700ལྷག་ཙམ་ཟིན་གྱི་ཡོད། གྲངས་འབོར་ཤིན་ཏུ་ཆེན་པོ་དེའི་རྒྱབ་ངོས་ནི་འདེབས་འཛུགས་ལས་རིགས་ཀྱི“ཀྲུང་གོའི་ནང་སྙིང”འཕེལ་རྒྱས་ཤུགས་ཆེན་བྱུང་བ་དེ་རེད། མིག་སྔར་རང་རྒྱལ་གྱིས་རང་རྟེན་ཐོན་དབང་ལྡན་པའི་ཀུ་ཤུའི་སོན་བཟང་གསར་པ་158སྐྱེད་སྲིང་བྱས་པ་དང་། གསར་དུ་བསྐྲུན་པའི་འབྲས་ཤིང་ལྡུམ་ར་70%ཡིས་རང་རྒྱལ་གྱི་སོན་བཟང་བདམས་ནས་འདེབས་པ། དེ་བཞིན་དེང་རབས་ཀྱི་ནུས་ཆེའི་འདེབས་གསོ་བྱེད་སྟངས་སྤྱོད་ཀྱི་ཡོད།
ཀུ་ཤུ་ནི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི“བདེ་ཐང་གི་ཤིང་འབྲས”རེད་ལ། གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བའི“ཕྱུག་འགྱུར་གྱི་ཤིང་འབྲས”དེ་བས་ཀྱང་རེད། ཧྲའན་ཤིས་ཡན་ཨན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་ནི་ཐོན་ལས་ཡག་ཤོས་དང་འཚམ་ཤོས་ཤིག་ཡིན་པས་མདུན་ལམ་ཆེན་པོ་ཡོད”ཅེས་གསུངས་ཡོད། ཀན་སུའུ་ཐན་ཧྲུའེ་རུ“ཁྱད་ལྡན་ཐོན་ལས་དེའི་རྒྱ་སྟོབས་དེ་བས་ཆེ་རུ་གཏོང་དགོས”ཞེས་གསུངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོས་ཀུ་ཤུའི་ཐོན་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཀུ་ཤུའི་ཐོན་ལས་ཞིང་ཆེན་20ལྷག་ཙམ་དུ་ཁྱབ་གདལ་བཏང་བ་དང་ལས་ཞུགས་མི་སྣ་ཁྲི་སྟོང་ཕྲག་ཟིན་གྱི་ཡོད། ཡན་ཨན་ཀུ་ཤུའི་ཐོན་ལས་རྟེན་གཞིའི་རྫོང་གི་ཞིང་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་61%ཀུ་ཤུ་ལས་བྱུང་བ་དང་འབྲས་ཤིང་འདེབས་མཁན་ཞིང་པ་ཁྲི་200ལྷག་ཙམ“ཤིང་འབྲས”ལ་བརྟེན་ནས་ཕྱུག་པོ་ཆགས་ཡོད། 2025ལོའི་ཐོན་སྐྱེད་དུས་ཚིགས་སུ་ཐེན་ཧྲུའེ་ཡི་ཧྭ་ཉེའུ་ཀུ་ཤུའི་རིན་གོང་འཕར་ལ་བྲིན་ཁའང་རྒྱུག་པོ་བྱུང་ཡོད།
ཐོན་ལས་མཐའ་སྣེ་དེ“གྲངས་འཛིན་དོ་དམ་དང་འཕྲུལ་ཆས་ཟུང་འབྲེལ”ཕྱོགས་སུ་མགྱོགས་མྱུར་ཕྱོགས་སྒྱུར་བྱུང་སྟེ། ཐད་གཏོང་ཟོག་ཚོང་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་དར་རྒྱས་བྱུང་བས། ཀྲུང་གོའི་ཀུ་ཤུ་གོ་ལ་ཧྲིལ་པོར་བྲིན་ཁ་རྒྱུག་པོ་བྱུང་ཞིང་། 2024ལོར་ཀུ་ཤུ་སོས་པ་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་98.09ཟིན་པ་དེ་དུས་མཚུངས་ལས་23.24%འཕར་བ་དང་ཀུ་ཤུའི་ཁུ་བ(ཁུ་བ་རང་སྐམ)ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་58.77ཟིན་པ་དེ་དུས་མཚུངས་ལས་89.06%འཕར་ཡོད།
ས་ཁོངས་ཀྱི་བཀོད་པར་བལྟས་ན། ས་སེར་ས་མཐོ་དང་པོ་ཧའེ་མཚོ་ཁུག་མཐའ་འཁོར་གྱི་དགེ་མཚན་ལྡན་པའི་ཐོན་ཁུལ་ཆེན་པོ་གཉིས་ཀྱི་གནས་བབ་སྔར་བས་བརྟན་པོ་བྱུང་བ་དང་། ཁྲོམ་ར་ནས་བལྟས་ན། གྲང་ཕྲེང་ཟོག་འགྲེམས་དང་དྲ་ཐོག་ཚོང་དོན་ཐད་གཏོང་དར་རྒྱས་བྱུང་བ་དང་ཆབས་ཅིག ཀྲུང་གོའི་ཀུ་ཤུ་ཀྲུང་ཡོའི་དུས་གཏན་མེ་འཁོར་དང“གངས་འབྲུག”རྟགས་ཅན་གྱི་གླིང་སྣེའི་ཁུལ་གྱི་ཚན་ཞིབ་གྲུ་གཟིངས་ནང་བླུགས་ནས་སྐྱེལ་འདྲེན་བྱས་པ་མ་ཟད། ཐ་ན་ལྷ་གྲུ་འཕུར་གྲུ་བརྒྱུད་བར་སྣང་དུའང་སྐྱེལ་འདྲེན་བྱས་ཡོད། འབྱུང་འགྱུར་ལོ་ལྔའི་ནང་ཚན་རྩལ་གསར་གཏོད་དང་སྤུས་རྟགས་འཛུགས་སྐྱོང་གཉིས་ཀར་ཕྱོགས་གཉིས་ནས་སྐུལ་འདེད་བཏང་བ་བརྒྱུད“ཕྱུག་འགྱུར་གྱི་ཤིང་འབྲས”ཀྱི་ནུས་པ་ཇེ་ཆེར་འགྲོ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།