དཔྱིད་རྨོད་དཔྱིད་འདེབས་ལ་གནམ་གཤིས་སྔོན་བརྡའི་ཞབས་འདེགས་ཕྱོགས་ཡོངས་ནས་ཞུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས་27ཉིན་2026ལོའི་དུས་ཐེངས་དང་པོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་གནམ་གཤིས་ཀྱི་ཆ་འཕྲིན་ཆེད་མངགས་བཏང་སྟེ་རྒྱལ་ཡོངས་སུ་དཔྱིད་རྨོད་དཔྱིད་འདེབས་ལ་གནམ་གཤིས་སྔོན་བརྡའི་ཞབས་འདེགས་ཕྱོགས་ཡོངས་ནས་ཞུ་འགོ་ཚུགས་ཡོད།
ཆ་འཕྲིན་ལས་གསལ་དོན། མ་འོངས་གཟའ་འཁོར་གཅིག་ནང་། ཧྭ་ནན་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དཔྱིད་འདེབས་ཁུལ་དུ་སྔོན་ལ་ཆར་པ་འབབ་རྒྱུ་དང་དེ་ནས་གནམ་དྭངས་རྒྱུ་ཡིན་པ་རེད། དེའི་ཁྲོད་ཟླ་2ཚེས་28ཉིན་ནས་ཟླ་3ཚེས་2ཉིན་བར་ཧྭ་ནན་གྱི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་རེད། ཆར་ཆུ་འབབ་རིང་ཞིང་ཁའི་སེར་རན་པ་དང་ཆུ་མཛོད་དུ་ཆུ་གསོག་པར་ཕན་ཐོགས་ཡོད་པ་དང་། ཞིང་ཁ་ཁག་གཅིག་སྐམ་པོ་ཡིན་པའི་སྣང་ཚུལ་ཞི་ལྷོད་དུ་ཕྱིན་ནས་སྔ་སྨིན་འབྲས་འདེབས་གསོའི་བཞའ་ཚན་གྱི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད། ཉིང་ཞ་དང་ཀན་སུའུ་ཡི་དཔྱིད་འདེབས་ཁུལ་གྱི་དྲོད་ཚད་རིམ་བཞིན་མཐོ་རུ་ཕྱིན་ཏེ་ས་ཞིང་མང་ཆེ་བའི་སེར་རན་པོ་ཆགས་པ་དེས་དཔྱིད་གྲོ་བཏབ་རྗེས་ལྗང་པ་ཐོན་པར་ཕན་ཐོགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་རྨོད་དཔྱིད་འདེབས་ཀྱི་གནམ་གཤིས་ཞབས་ཞུ་ཡག་པོ་སྒྲུབ་ཆེད་གནམ་གཤིས་སྡེ་ཚན་གྱིས་གོང་འོག་འབྲེལ་མཐུད་དང་སྡེ་ཚན་མཉམ་འགུལ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་དང་། ལོ་ཏོག གནོད་འཚེའི་རིགས་བཅས་དབྱེ་ནས་ཞིང་ལས་ཀྱི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཞབས་འདེགས་ཡག་པོ་ཞུ་རྒྱུ་དང་། མི་ཐབས་རིག་ནུས་ལག་རྩལ་ཞིབ་སྤེལ་དང་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་དཔྱིད་རྨོད་ལོ་ཏོག་འདེབས་རྒྱུར་འཚམ་པའི་དུས་ཚོད་སྔོན་བརྡ་གཏོང་བ་དང་དེ་བཞིན་ས་ཁོད་སྙོམས་པ་དང་། རྩ་སྤོས་རྒྱག་པ། ཞིང་ཆུ་གཏོང་བ། ཞིང་སྨན་གཏོར་བ། ལུད་རྒྱག་པ་སོགས་ཞིང་ལས་ཀྱི་གནམ་གཤིས་སྔོན་བརྡའི་ཐོན་རྫས་ལག་བསྟར་གནད་སྨིན་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཞིང་ལས་གནམ་གཤིས་ཀྱི་ཞབས་ཞུའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་དང་ཞིང་ལས་གནམ་གཤིས་ཞབས་ཞུའི་དགོས་མཁོར་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཞིང་ལས་གནམ་གཤིས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།