དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲོགས་པོ་ཕྱི་རྒྱལ་བའི་པར་ཆས་ནང་གི་ལྗང་མདོག་ཀྲུང་གོ

    རི་ཀླུང་རི་མོ་བཞིན་དུ་མཛེས། སྣོད་བཅུད་འོ་ཆུ་ལྟར་དུ་གནས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-01

    འདི་ནི་ཧེ་ལུང་ཅང་མོ་ཧོ་ལུང་གཙང་པོའི་གུག་ཆ་ཆེ་ཤོས་ཀྱི་རྣམ་པ་ཡིན་པ། (ཁེན་ནི་ཡའི་ནགས་ཚལ་དོ་དམ་ཅུས་ཀྱི་ནགས་ཚལ་སྲུང་སྐྱོང་དཔོན་ཨན་ཏེ་ལུའུ·མ་ཏི་ཏིས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 ང་དེ་སྔ་ཀྲུང་གོ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དོ་དམ་ལས་བྱེད་པ་སློབ་གླིང་གིས་གཉེར་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་དཔོན་རིགས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས་མྱོང་། ང་ཚོས་ཧེ་ལུང་ཅང་མོ་ཧོ་ནགས་ལས་ཅུས་དང་། ཐུའུ་ཆང་མེ་ཟོན་རུ་ཆེན་དང་པོ་དང་ནགས་ཚལ་མེ་ཟོན་བཀོད་འདོམས་ལྟེ་གནས་བཅས་ལ་ལྟ་སྐོར་བྱས་ཏེ། ཀྲུང་གོ་སྲིད་གཞུང་གིས་ནགས་ཚལ་སླར་གསོའི་ཐད་སྤྱད་པའི་བྱ་ཐབས་ལ་ས་ཡུལ་དངོས་ནས་སློབ་སྦྱོང་བྱས་པ་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཧ་ཅང་སྤྱོད་གོ་ཆོད་པའི་ཉམས་མྱོང་མང་པོ་ཐོབ་བྱུང་།

    འདི་ནི་ཀྲེ་ཅང་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཡུས་གྲོང་ཚོའི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”ཅེས་པའི་རྡོ་རིང་ཡིན་པ། (ཕོ་ལན་གྱི་རང་སྨྱན་སྦྱོར་གྱི་པོད་བདག་ཅེ་ཤིས་ཁ་ཡིས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 ཨན་ཅི་རྫོང་ཡུས་གྲོང་ཚོ་ནི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”ཅེས་པའི་འདུ་ཤེས་ཀྱི་འབྱུང་ཡུལ་རེད། ལོ་12ཀྱི་གོང་དུ་ཡུས་གྲོང་ཚོར་ཐོག་མར་སླེབས་སྐབས། ཡུལ་ལུང་དེ་གའི་རི་ཀླུང་མཛེས་ལྗོངས་ཀྱིས་ངའི་ཡིད་དབང་རྦད་དེ་འཕྲོགས་སོང་། གཅིག་ལ་གཅིག་འབྲེལ་གྱི་སྔོ་ཐིང་ཐིང་གི་རི་བོ་དང་། ཚང་ཚིང་དུ་འཁྲིགས་པའི་སྨྱུག་མའི་ནགས་ཚལ། དྭངས་ཤིང་གཙང་བའི་ཆུ་ཕྲན་བཅས་ཀྱིས་ང་ལ་བློ་བདེ་བག་ཕེབས་ཀྱི་སྣང་བ་སྦྱིན་བྱུང་ལ། གྲོང་ཁྱེར་གྱི་འདུ་འཛི་དང་རྒྱང་དུ་གྱེས་ནས་སེམས་པ་ཞི་བར་གནས་པ་དང་དགའ་མགུ་ཡི་རང་ཡང་བྱུང་།

    འདི་ནི་ཀོང་ཏུང་ཀྲན་ཅང་གྲོང་ཁྱེར་ཅིན་ཧྲ་ཝན་སྡོང་དམར་ནགས་ཚལ་ཚན་རིག་ཁྱབ་གདལ་རྟེན་གཞིར་སྤེལ་བའི་ཤིང་འཛུགས་བྱེད་སྒོའི་ནང་བཙུགས་པའི་ལྗོན་ཤིང་ཨང་11586པའི་སྟེང“ཐོབ་ཐང་བྱང་བུ”བསྒར་བ། (ཧྥ་རན་སེའི་SGD Pharmaཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོོ་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་ཧྥ་ཏེ་ལི་ཡིས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 སྡོང་དམར་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་ནི་མིའི་རིགས་ཀྱི་ཐུན་མོང་གི་འབྱུང་འགྱུར་ལ་སྲུང་སྐྱོང་བྱེད་པ་ཞིག་རེད། ཀོང་ཏུང་ཀྲན་ཅང་དུ་གཞིས་ཆགས་ནས་ལོ་30ཙམ་སོང་བའི་ཧྥ་རན་སེའི་མ་འཇོག་ཁེ་ལས་ཤིག་ཡིན་པའི་ངོས་ནས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་ཀྲན་ཅང་ཉིད“སྡོང་དམར་ནགས་ཚལ་གྲོང་ཁྱེར”ལ་སྐྲུན་རོགས་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་། 2022ལོར“སྡོང་དམར་ནགས་ཚལ་མཉམ་དུ་སྐྲུན་པའི”རྣམ་གྲངས་འབོད་སྐུལ་བྱས་པ་ནས་ད་བར་ང་ཚོས་ཁེ་ལས་14དང་མཉམ་དུ་སྡོང་ཕྲུག་ཁྲི་1.2ལྷག་ཙམ་བཏབ་པ་དང་2030ལོར་སྡོང་ཕྲུག་ཁྲི་བཅུ་ཟིན་ཐུབ་པའི་དམིགས་ཚད་ཕྱོགས་སུ་འབད་འཐབ་བྱེད་བཞིན་ཡོད།

    འདི་ནི་རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་ཚོས་ཧྲན་ཏུང་རི་ཀྲའོ་གྲོང་ཁྱེར་ཉི་འོད་མཚོ་ངོགས་ཀྱི་སྔོ་ལྗང་ལམ་དུ་ལུས་སྦྱོང་བྱེད་བཞིན་པ། (རི་ཀྲའོ་ལས་རིགས་ལག་རྩལ་སློབ་གླིང་གི་ཧིན་རྡུ་ཉི་ཞི་ཡའི་ཕྱི་སྦྱོང་སློབ་མ་ཤན་ཀྲུའུ་ཡིས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 ཀྲུང་གོར་སློབ་སྦྱོང་བྱེད་རིང་ང་རང་ཁོམ་པ་ཡོད་དུས་རི་ཀྲའོ་ཡི་ཉི་འོད་མཚོ་ངོགས་ཀྱི་སྔོ་ལྗང་ལམ་དུ་འཆམ་འཆམ་བྱེད་པར་འགྲོ་རྒྱུར་དགའ་པོ་ཡོད། མཚོ་ངོགས་ཀྱི་བྱེ་ཐང་དུ་ཡུལ་སྐོར་བས་འཆམ་འཆམ་བྱེད་ཞོར་དུ་པར་རྒྱག་པ་དང་རྐང་འཁོར་བཞོན་མཁན་ཡང་མང་པོ་ཡོད། རྒྱང་རིང་ནི་དགུང་དུ་འཕྱུར་བའི་མཚོ་རླབས་ཡིན་པ་དང་ཐག་ཉེ་སར་མི་རྣམས་ཀྱི་དགོད་སྒྲས་ཁེངས་ནས་བློ་བདེ་བག་ཕེབས་ཀྱི་སྣང་བ་ཚོར་ཐུབ། རྒྱུན་དུ་ལས་དོན་པས་མཚོ་འགྲམ་དུ་གད་སྙིགས་བསྒྲུགས་ནས་མཚོ་ངོགས་དེར་སྲུང་སྐྱོང་བྱེད་བཞིན་ཡོད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ནི་ཆེས་མཛེས་པའི་ཡུལ་ལྗོངས་རེད།

    འདི་ནི་ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་ཞ་ཐན་ཝེའི་སྡོང་དམར་ནགས་ཚལ་སྤྱི་གླིང་ཡིན་པ། (ཧྥུའུ་ཅན་རྒྱ་མཚོ་ཞིབ་འཇུག་སུའོ་ཕྱི་རྒྱལ་ལ་རོགས་སྐྱོར་གསོ་སྦྱོང་རྣམ་གྲངས་ཀྱི་ཐུར་ཁེའི་སློབ་མ་མུའུ་ལ་ཐེ·སུའུ་པ་ཤིས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ནི་ཀྲུང་གོའི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ཀྱི་གསོན་ཉམས་དོད་པའི་གསལ་འགྲེལ་ཞིག་རེད། ཀྲུང་གོར་གཟའ་འཁོར་གཉིས་རིང་གི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་ཉམས་མྱོང་ལས་ང་ལ་ཁོར་ཡུག་སྲུང་སྐྱོང་ངོ་མ་ནི་འབོད་ཚིག་མིན་པར་ཚན་རིག་དང་མཐུན་པའི་འཆར་འགོད་དང་རྒྱུན་མཐུད་ཀྱི་མ་འཇོག སྡེ་ཁུལ་མཉམ་བཅོས་དང་ཟུང་འབྲེལ་བྱས་པ་ལས་བྱུང་བ་ཤེས་བྱུང་། ཀྲུང་གོའི་སྡོང་དམར་ནགས་ཚལ་སླར་གསོའི་ངོ་མཚར་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོའི་མཚོ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་ཐད་དཔེ་སྟོན་རྩ་ཆེན་མཁོ་འདོན་བྱས་ཡོད། ངས་ཞ་མོན་གྱི་ཉམས་མྱོང་དག་ཐུར་ཁེར་ཁྱབ་སྤེལ་བྱ་རྒྱུ་ཡིན་ལ། ནམ་ཞིག་གི་ཚེ་ས་དབུས་རྒྱ་མཚོའི་ངོགས་སུའང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་སྔར་ལས་མང་བ་མཐོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    འདི་ནི་ཧུའུ་པེ་ཧྲི་ཧྲོའུ་གྲོང་ཁྱེར་འབྲི་ཆུའི་ངང་དཀར་ཀྲོའུ་མཚོ་ཕག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གསོ་ཚགས་པས་དྲ་སྒམ་ནང་གསོས་པའི་ཆུ་ཕག་ལ་ཉ་ཕྲུག་སྟེར་བཞིན་པ། (ཧྥུའུ་ཏན་སློབ་ཆེན་གྱི་ཨུ་རུ་སུའི་ཕྱི་སྦྱོང་སློབ་མ་མཱ་ལི་ཐ་ཡིས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 ང་རང་རང་བྱུང་ཁམས་ཆེན་པོར་ཧ་ཅང་དགའ་པོ་ཡོད། དེར་བརྟེན་འབྲི་ཆུའི་ངང་དཀར་ཀྲོའུ་མཚོ་ཕག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མི་རྣམས་ཀྱིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འབྲི་ཆུའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་མཐོང་སྐབས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ལ་ཕན་ཐོགས་ཡོད་པ་དང་ཀྲུང་གོའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་ཡང་མངོན་ཡོད། ད་ཐེངས་ཀྱི“རྒྱལ་སྤྱིའི་གཞོན་ནུའི་འབྲི་ཆུའི་བྱ་སྤྱོད”ཀྱི་བྱེད་སྒོ་བརྒྱུད་ང་རང་རྒྱལ་སྤྱིའི་གཞོན་ནུ་མང་པོ་དང་གྲོགས་པོ་ཡག་པོར་གྱུར་སོང་། མཛའ་གཅུགས་ལས་ང་ཚོ་ནི་རི་ཀླུང་བརྒལ་ནས་ཤེས་དཔལ་མི་འདྲ་བ་སྤེལ་རེས་ཀྱི་ཕོ་ཉར་གྱུར་ཡོད།

    འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཡིན་པ། (ཅེ་ཁེའི་སུའུ་མ་ཝ་རྒྱལ་ཁབ་སྤྱི་གླིང་གི་དེ་སྔའི་ཀྲུའུ་རེན་དབྱི་རུའེ·མ་ནེ་ཁེས་པར་བརྒྱབ)【པར་ལེན་མཁན་གྱི་གཏམ】 ཀྲུང་གོས་འཛམ་གླིང་ཐོག་གི་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཆེ་ཤོས་འཛུགས་བཞིན་ཡོད་པ་དང་། ང་རང་ཀྲུང་གོས་ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་5ལ་ལྟ་སྐོར་བྱེད་པའི་བསྐལ་བ་ཐོབ་བྱུང་། ཧའེ་ནན་གྱི་ཚ་ཁུལ་ཆར་ནགས་རྒྱལ་ཁབ་སྤྱི་གླིང་དུ་ནགས་ཀླུང་བང་རིམ་སྟར་ཆགས་སུ་གནས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་གཙོད་ཀྱིས་འདམ་རའི་འགྲམ་དུ་བག་ཕེབས་ངང་ཟས་འཚོལ་བཞིན་འདུག རྒྱལ་ཁབ་སྤྱི་གླིང་དེ་དག་ཏུ་སྐྱོད་སྐབས་ང་རང་ལ་བག་ཆགས་ཟབ་ཤོས་ནི་རི་མོ་མཁས་པའི་པིར་རྩལ་ལས་འཁྲུངས་འདྲའི་མཛེས་ལྗོངས་ཁོ་ན་ཙམ་མ་ཟད། ད་དུང་དེ་གའི་ལས་དོན་མི་སྣའང་རེད། ས་གནས་དེ་གའི་སྐྱེ་ཁམས་བདག་སྐྱོང་བ་དང་སྐྱེ་ཁམས་ནགས་སྲུང་བ་མང་ཆེ་བ་ཞིང་འབྲོག་པ་ཡིན་པ་དེས་རང་བྱུང་སྲུང་སྐྱོང་དང་གྲོང་མིའི་འབབ་འཕར་ལ་ཕན་པ་ཡོད་པ་མ་ཟད། མི་དང་རང་བྱུང་ཁམས་དབར་མཉམ་གནས་ཀྱི་འབྲེལ་བ་བཟང་པོ་ཞིག་ཆགས་པར་དེ་བས་ཀྱང་ཕན་པ་ཡོད།

    ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རང་མདངས་གསལ་ཤོས་དེ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་གྲས་ཤིག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་གསར་པ་ཐོབ་པར་བྱ་རྒྱུ་དེ་རེད། ཉེ་བའི་ལོ་ཤས་རིང་། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བས་ས་གཞི་འདིའི་ཐོག་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་པར་དུ་བླངས་ཤིང་། ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་ལྗང་གིས་བརྒྱན་པ། ཆུ་མོ་དེ་བས་དྭངས་ཤིང་གཙང་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་ཀྲུང་གོའི་མཛེས་རིས་པར་དུ་བླངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།