དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་3ཚེས་1ཉིན་མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་ཤོས་ཀྱི་ལས་བསྡུའི་འདུ་ཚོགས་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་1ཉིན(གཟའ་ཉི་མ)གྱི་ཆུ་ཚོད་10པ་ནས་14པའི་བར། མཚོ་སྔོན་ཞིང་ཆེན་གྱི་2026ལོའི“དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་དུས་ཚིགས”ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིན་ཉིང་ཐང་ཆེན་དུ་གཉེར་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་དེ་ནི་ཞིང་ཆེན་ཡོངས་ཀྱི་དཔྱིད་གསར་དུས་ཆེན་རྗེས་ཀྱི་ལས་བསྡུའི་འདུ་ཚོགས་ཆེ་གྲས་དང་པོ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཤང་དང་ལས་གནས་སུ་ལོག་པ་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ཏེ། རིགས་ཁག་གི་ངལ་རྩོལ་པ་དང་མི་སྤྱོད་ཚན་པ་སྦྲེལ་མཐུད་གནད་སྨིན་བྱེད་པའི་ལས་སྟེགས་བསྐྲུན་རྒྱུ་དེ་ཡིན་པ་རེད། མིག་སྔའི་བར། ཞིང་ཆེན་ཕྱི་ནང་གི་མི་སྤྱོད་ཚན་པ་300ལྷག་ཙམ་ལས་བསྡུའི་འདུ་ཚོགས་ལ་ཞུགས་རྒྱུར་གཏན་འཁེལ་བ་རེད།

    ས་གནས་ས་ཐོག་ཏུ“གཙོ་གནད་ཁེ་ལས་ཀྱི་ལས་བསྡུ་ཁུལ”དང་། “ཞིང་ཆེན་ཕྱིའི་ངལ་ལས་མཉམ་སྒྲུབ་ཁུལ” “དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ཁུལ” “དབང་པོ་སྐྱོན་ཅན་གྱི་ལས་བསྡུའི་ཆེད་དོན་ཁུལ”སོགས་ཁྱད་ལྡན་བྱེད་ནུས་ཁུལ་དབྱེ་སྟེ། ལས་ཀ་འཚོལ་མཁན་དག་ལ་སྟབས་བདེ་བསྐྲུན་རྒྱུ་རེད། གཙོ་གཉེར་ཚན་པ་ཁག་གིས་ས་གནས་ས་ཐོག་ཏུ་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་འཇལ་བ། ཁེ་དབང་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་བློ་འདྲིའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

    བྱེད་སྒོ་དེ་དྲ་ཐོག་དང་དྲ་ཕྱིར་དུས་གཅིག་ཏུ་སྤེལ་བའི་བྱ་ཐབས་སྤྱོད་རྒྱུ་ཡིན་ཞིང་། “མཚོ་སྔོན་སྤྱི་པའི་ལས་ཞུགས་ལས་བསྡུའི་ཞབས་ཞུ་ལས་སྟེགས”ལ་བརྟེན་ནས་དྲ་ཐོག་ཏུ་ལས་བསྡུའི་ཆེད་དོན་ཁུལ་བཙུགས་ཐོག AIཡིས་ལས་གནས་གནད་སྨིན་ཆ་སྒྲིག་དང་AIགྲངས་འཛིན་བས་ཐད་གཏོང་བརྒྱུད་ལས་གནས་འོས་སྦྱོར་བྱེད་པ་སོགས་ཀྱི་བྱེད་ནུས་སྤྱད་པས། ལས་ཀ་འཚོལ་མཁན་གྱིས་དྲ་ཐོག་ནས་ངོ་སྤྲོད་མདོར་བསྡུས་བསྐུར་ཏེ་དྲ་ཐོག་ནས་ངོ་རྒྱུགས་གཏོང་ཆོག་གི་ཡོད། ས་གནས་ས་ཐོག་ཏུ་རང་བརྟེན་ཞབས་ཞུའི་མཐའ་སྣེ་བཀོད་སྒྲིག་བྱས་ཏེ། ལས་གནས་རྩད་བཤེར་དང་ངོ་སྤྲོད་མདོར་བསྡུས་སྐྱེལ་སྤྲོད་སོགས“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་རྒྱུ་རེད། དེ་དང་དུས་མཚུངས་སུ་ཐད་གཏོང་བརྒྱུད་ལས་གནས་འོས་སྦྱོར་དང་སྲིད་ཇུས་གསལ་འགྲེལ་ཟུང་དུ་འབྲེལ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ཁེ་ལས་ཀྱི་འཐུས་མིས་དྲ་ཐོག་ནས་ལས་གནས་འོས་སྦྱོར་ངོ་སྤྲོད་བྱ་རྒྱུ་ཡིན་པ་རེད།

    ས་གནས་ས་ཐོག་ཏུ་ད་དུང་ལས་གཏོད་མཛུབ་ཁྲིད་དགེ་རྒན་སྒྲིག་འཛུགས་བྱས་ཏེ“གཅིག་གཏད་གཅིག”གི་བློ་འདྲི་མཁོ་འདོན་བྱས་ནས། ལས་གཏོད་ཁག་ཐེག་དངུལ་བུན་སོགས་རོགས་སྐྱོར་སྲིད་ཇུས་འགྲེལ་བཤད་རྒྱག་རྒྱུ་རེད། ཉིན་གླ་རྒྱུག་མཁན་གྱི་ཚོགས་སྤྱིར་དམིགས་ཏེ་སྟབས་བསྟུན་མི་སྤྱོད་ལས་གནས་ཕྱོགས་བསྡུས་བྱས་ནས། རྩལ་ནུས་གསོ་སྦྱོང་རྣམ་གྲངས་ས་གནས་ས་ཐོག་ཏུ་འོས་སྦྱོར་བྱ་རྒྱུ་རེད། ཞབས་འདེགས་ཞུ་ཡུལ་ཁོངས་སུ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། དབང་པོ་སྐྱོན་ཅན། ཐོ་འགོད་བྱས་པའི་ལས་ཤོར་མི་སྣ། ལས་ཞུགས་དཀའ་ངལ་ཡོད་མཁན། ཉིན་གླ་རྒྱུག་མཁན་ཚོགས་སྤྱི། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སོགས་ལས་ཀ་འཚོལ་མཁན་གྱི་ཚོགས་སྤྱི་སྣ་ཚོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།