དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦྲག་པ་དང་མཉམ་དུ་ས་མཐོར་བསྐུར་མ་སྐྱེལ་བའི་ལམ་དུ་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཁྲེན་ཧྲང་ཚའེ། ཅང་མོང་ཁྲེན།   |     སྤེལ་དུས།  2026-03-01

    ཞོགས་པའི་ཆུ་ཚོད་7པར་ས་བབ་སྨི་4200ལྷག་ཙམ་ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲོང་ལ་སྔར་བཞིན་གྲང་རླུང་ལྡང་བཞིན་མཆིས། སྦྲག་སྲིད་ཡིག་སྐྱེལ་བ་ཕུན་ཚོགས་ཆོས་ལྡན་གྱིས་ཁ་རླངས་ལ་བརྟེན་ནས་ལག་པ་གཉིས་ལ་དྲོད་ཁུག་ཐབས་བྱེད་བཞིན་སྦྲག་སྲིད་རླངས་འཁོར་གྱི་ལྡེ་མིག་བརྒྱུས། སྒུལ་བྱེད་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་གྲགས་པ་དང་བསྟུན་གངས་ལྗོངས་ས་མཐོའི་རྫོང་གྲོང་གི་ལྷིང་འཇགས་དཀྲོགས།

    བསྐུར་མ་དུས་ཐོག་ཏུ་སྐྱེལ་རྒྱུ་ནི་ཕུན་ཚོགས་ཆོས་ལྡན་གྱི་དུས་ཚོད་རེའུ་མིག་ནང་གི་སྲུང་བྱ་ནན་པོ་ཞིག་ཡིན་ཞིང་། ཕུན་ཚོགས་ཆོས་ལྡན་གྱིས“ཕྱི་དྲོ་ད་དུང་སང་ཉིན་གྱི་བསྐུར་མ་དབྱེ་གསེས་བྱེད་པར་ཡོང་དགོས་པས། སྔ་པོ་ནས་ཐོན་དགོས”ཞེས་བརྗོད། དེ་རིང་གི་ལམ་ཐག་ནི་མཚོ་སྨད་རྫོང་གནས་བཞི་ཤང་དང་མཚོ་སྨད་གྲོང་རྡལ་གྱི་ཡིག་སྐྱེལ་ས་ཚིགས་12ལ་ཁྱབ་ཅིང་། སྤྱི་ལེ་240ཙམ་སྐྱོད་དགོས་པ་དང་། དེའི་ནང་གི་ལམ་མི་ཉུང་བ་ཞིག་ནི་བྱེ་རྡོའི་ལམ་རེད།

    མཚོ་སྨད་རྫོང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། བོད་ཀྱི་ལྷོ་རྒྱུད་དུ་གནས་ཤིང་། ལྷུན་རྩེ་རྫོང་དང་། ལྷོ་བྲག་རྫོང་། མཚོ་སྣ་གྲོང་ཁྱེར་སོགས་མཐའ་མཚམས་རྫོང་དང་གྲོང་ཁྱེར་མང་པོ་དང་ས་མཚམས་འབྲེལ་ཡོད།

    རླངས་འཁོར་གྱི་གློག་གིས་མདུན་ཕྱོགས་ཀྱི་ལམ་གསལ་བ་དང་། ཕུན་ཚོགས་ཆོས་ལྡན་གྱིས་རླངས་འཁོར་གྱི་ཁ་ལོ་བྱང་ཆུབ་པོས་སྒྱུར་བཞིན་ལམ་དོང་རེ་རེ་ལས་གཡོལ་གྱིན“ལམ་བུ་འདིའི་སྟེང་ངས་ལོ་20ཙམ་བསྐྱོད་པ་ཡིན”ཞེས་བརྗོད།

    སྐར་མ་20སོང་རྗེས། དམིགས་ས་དང་པོ་སྟེ་གནས་བཞི་དགོན་དུ་སྦྲག་འཁོར་འབྱོར། དགོན་པ་དེ་ཉིད་དབེན་ཐིང་ངེར་གནས། ཁོང་གིས་ཚགས་པར་དང་། འཕྲིན་ཡིག ཐུམ་སྒྲིལ་བཅས་ལས་རེས་ཁང་གི་མྱུར་སྐྱེལ་སྒྲོམ་ནང་བཞག་པ་དང་། མྱུར་སྐྱེལ་དངོས་ཟོག་ཐོ་བཀོད་ནས་པར་བརྒྱབ་སྟེ་ཚོགས་པར་བསྐུར་རྗེས་གནས་དེ་ནས་ཁུ་སིམ་མེར་ལོག

    སྦྲག་འཁོར་རི་བསྐོར་གཞུང་ལམ་དུ་སྐྱོད་འགོ་ཚུགས་ཤིང་། “དེ་སྔོན་སྐྱེལ་སྤྲོད་ཚང་མ་སྦག་སྦག་འཁོར་ལོར་བརྟེན་དགོས་ཀྱི་ཡོད”ཅེས་ཕུན་ཚོགས་ཆོས་ལྡན་གྱིས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས།“སྐབས་དེ་དུས་ཕལ་ཆེ་བ་ས་ལམ་ཡིན་པས་སྦག་སྦག་དལ་པོར་གཏོང་དགོས”ཞེས་བརྗོད། དེ་སྔ་རི་བོ་གཞན་ཞིག་ཏུ་ཆགས་པའི་གྲོང་ཚོར་བསྐུར་མ་སྐྱེལ་ཆེད་ཁོང་གིས་རྡོ་ཧྲུག་གིས་ཁེངས་པའི་རི་ལྡེབས་སུ་སྦག་སྦག་ཁ་ཡང་སེ་བཀག་ནས་དབུགས་ཧལ་བཞིན་དུ་སྦག་སྦག་ལ་འབུད་རྒྱག་བཏང་སྟེ་རྐང་ཐང་མར་ལམ་འཕྲོ་མ་རྣམས་བསྐྱོད་ནས་བསྐུར་མ་སྐྱེལ་བའི་ལས་དོན་ལེགས་པར་བསྒྲུབས།

    ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཉི་མ་ག་ལེར་ལ་རྩེར་ཤར་ནས་གནས་བཞི་ཤང་གདེངས་པ་གྲོང་ཚོར་འབྱོར་ལ་ཉེ་དུས། ཁོང་གིས་ཚོང་ཁང་གི་སྦྱིན་བདག་ལ་ཁ་པར་བརྒྱབ་ནས་ཆུ་འཁོལ་ཞིག་སྐོལ་རོགས་ཞེས་བརྗོད། སྟབས་བདེའི་ཐུག་པ་ཚ་པོ་ཕོར་པ་གང་བཏུངས་རྗེས། ཕུན་ཚོགས་ཆོས་ལྡན་གྱིས“ཞོགས་པ་ཁ་ལག་ཚ་པོ་ཞིག་མ་བཟས་ན་རི་སྟེང་དུ་འཁྱོལ་ཐུབ་ཀྱི་མ་རེད”ཅེས་བརྗོད།

    ཕུན་ཚོགས་ཆོས་ལྡན་གྱི་སྦྲག་འཁོར་དེ་ཡང་སྐོར་སྐྱོད་ཀྱི“དམངས་ཕན་ཞབས་ཞུའི་ས་ཚིགས”ཤིག་རེད།

    གནས་བཞི་ཤང་འཇའ་རྫ་གྲོང་ཚོའི་ཡུལ་མི་བསམ་གཏན་གྱིས་འབྲོག་རའི་འགྲམ་དུ་ཕུན་ཚོགས་ཆོས་ལྡན་སྒུག་བཞིན་ཡོད་ཅིང་། ཁོང་གིས“དེ་སྔོན་ཅ་ལག་སྐྱེལ་བར་ཆེད་མངགས་རྫོང་གྲོང་དུ་ཐེངས་གཅིག་འགྲོ་དགོས་ཀྱི་ཡོད། ད་ཆ་ལམ་ཁ་ནས་བསྐུར་ན་ཆོག”ཅེས་བརྗོད།

    རི་སྟེང་གི་གྲོང་སྡོད་ལས་དོན་རུ་ཁག་ཁ་ཤས་ཀྱིས་རྒྱུན་དུ་ཉོ་སྒྲུབ་ཀྱི་གསལ་ཐོ་སྔ་སྣུར་དུ་ཕུན་ཚོགས་ཆོས་ལྡན་ལ་སྤྲོད་པ་དང་། ཉིན་གཉིས་པར་ཁོང་གིས་ཉོས་པའི་སྔོ་ཚལ་སོས་པ་དང་སྒོ་ང་དག་རླངས་འཁོར་ལ་བླུགས་ནས་རི་སྟེང་དུ་སྐྱེལ་གྱི་ཡོད།

    མྱུར་སྐྱེལ་ཟོག་འགྲེམས་ཤར་གཏོང་ཐུབ་པ་དང་ཕྱིར་ཚོང་ཐབས་ལམ་ཡང་ཤར་གཏོང་ཐུབ་པས་ཡུལ་མི་ཚོའི་དངོས་ཁུག་དེ་བས་ལྗིད་ཏིག་ཏིག་ཆགས་ཤིང་། མཚོ་སྨད་གྲོང་རྡལ་སྤོས་དགའ་གྲོང་ཚོའི་ཡུལ་མི་ཉི་མ་སྒྲོལ་མས“ཁ་སང་རི་སྟེང་དུ་ཡོད་པའི་གངས་ལུག་མེ་ཏོག་དེ་རིང་ལམ་དུ་དབོར་བཞིན་ཡོད་པས་སང་ཉིན་ཉོ་མཁན་གྱི་ལག་ཏུ་འབྱོར་གྱི་ཡོད”ཅེས་བརྗོད།

    སྦྲག་འཁོར་མུ་མཐུད་རི་བསྐོར་ལམ་དུ་སྐྱོད་བཞིན་མཆིས།

    ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱས་པའི་འཇའ་རྫ་གྲོང་ཚོའི་ཡུལ་མི་ཟླ་བ་མཚོ་མོས་སྦྲག་འཁོར་གྱི་སྒྲ་ཐོས་མ་ཐག་གྲོང་ཚོ་ཨུ་ལྷན་ནས་རྒྱུག་ཡོང་སྟེ་ཐུམ་སྒྲིལ་བླངས། “འདི་ནི་ངས་ཉོས་པའི་ལོ་གསར་མཁོ་ཆས་ཡིན”ཞེས་གད་མོ་འཚེར་འཚེར་ངང་བརྗོད།

    “ཁོ་མོའི་སློབ་བསྡུའི་བརྡ་ཐོ་ཡང་དེ་དུས་ངས་བསྐྱལ་བ་ཡིན”ཞེས་ཕུན་ཚོགས་ཆོས་ལྡན་གྱིས་འཛུམ་དམུལ་དམུལ་ངང་བརྗོད་པ་དང་། ཁོང་གིས“སྐབས་དེ་དུས་སློབ་བསྡུའི་བརྡ་ཐོ་བླངས་ནས་རྒྱང་རིང་དུ་སྐྱོད་མཁན་བུ་མོ་ཆུང་ཆུང་དེ་ད་ཆ་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་དུ་གྱུར་འདུག”ཅེས་བརྗོད།

    དེ་སྔོན་ཐུམ་སྒྲིལ་གཅིག་གཟའ་འཁོར་གཅིག་གམ་ཐ་ན་ཟླ་བ་རེར་གཞི་ནས་འབྱོར་རུང་། ད་ཆ“ཉིན་གཉིས་པར་འབྱོར་ཐུབ”ཀྱི་ཡོད་པས་ཡུལ་མི་མང་པོ་ཞིག“ཉོ་མི་ཕོད་པ”ནས“གང་འདོད་ཉོ་མཁན”དུ་གྱུར་ཡོད།

    གསར་འགོད་པས“ལས་ཀ་བརྗེ་བའི་བསམ་བློ་འཁོར་མ་བྱུང་ངམ”ཞེས་དྲིས་པར།

    ཕུན་ཚོགས་ཆོས་ལྡན་གྱིས“འདི་གར་ཡོད་པའི་མི་ཚང་མ་ངས་ངོ་ཤེས་ཀྱི་ཡོད། ངས་ལས་ཀ་འདི་མུ་མཐུད་བྱེད་ཀྱི་ཡིན”ཞེས་བརྗོད།

    ཕྱི་དྲོར། ཕུན་ཚོགས་ཆོས་ལྡན་ཀུང་སིར་ལོག་ནས་སྦྲག་ཐོག་བསྐུར་མ་དབྱེ་གསེས་བྱས། ས་ངོས་སུ་ལྟ་ཙམ་བྱས་རྗེས། ཁོང་གིས་བྱང་ཆ་ལྡན་པའི་སྒོ་ནས་ཚགས་པར་དང་དུས་དེབ་དབྱེ་གསེས་ཁུལ་དུ་བཞག་པ་དང་། ཐུམ་སྒྲིལ་དག་སྦྲག་ཕད་མི་འདྲ་བའི་ནང་བསྡུས། གང་མགྱོགས་བྱུར་བུར་བླུགས་པའི་སྦྲག་ཕད་ཁ་དམ་པོར་བསྡམས་ནས་ཁོང་རྫོང་གྲོང་ཉེ་འགྲམ་གྱི་སྐྱེལ་སྤྲོད་ས་ཚིགས་4ལ་སྐྱོད་འགོ་ཚུགས།

    ཕྱི་དྲོའི་ཆུ་ཚོད་6པར། སྦྲག་ཐོག་བསྐུར་མ་མཇུག་ཤོས་དེ་བསྐྱལ་ཟིན་དུས་ནུབ་ཁའི་ཉི་མའི་འོད་ཟེར་ཁོང་གི་ལུས་ལ་འཕྲོས།

    ཉིན་གཅིག་གི་བསྐུར་སྐྱེལ་ལས་དོན་མཇུག་འགྲིལ་རྗེས་གསར་འགོད་པ་ཐང་ཆད་ནས་ལུས། ཕུན་ཚོགས་ཆོས་ལྡན་གྱི་ངོས་ནས་བརྗོད་ཚེ། དེ་ནི་ཁོང་གི་ཉེ་བའི་ལོ་20ཡི་རིང་གི་རྒྱུན་གཏན་གྱི་ཉིན་མོ་ཞིག་རེད། རྫོང་གྲོང་དུ་ལོག་པའི་ལམ་བར་དུ་ཁོང་གིས་མིག་སྔར་ངས་བསྐྱལ་བའི་སློབ་བསྡུའི་བརྡ་ཐོ་ཆིག་སྟོང་ལྷག་ཙམ་ཟིན་ཡོད་ཅེས་གསར་འགོད་པར་བརྗོད།

    ལས་ཀའི་དུས་ཚོད་ནང་། ཕུན་ཚོགས་ཆོས་ལྡན་གྱི་སྦྲག་འཁོར་གྱི་སྒྲ་དུས་ཐོག་ཏུ་གྲགས་ནས་རྒྱུས་མངའ་ཆེ་བའི་ས་ཆར་མུ་མཐུད་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།