“95ནང་སྐྱེས”ཀྱི་གྲོང་སྡོད་ལས་བྱེད་པ་ཧོ་ཅུན་ཅེ་ཡིས་བརྗོད་དོན།
མང་ཚོགས་གང་དུ་ཡོད་ན་འདི་གར་ངའི་ཁྱིམ་ཡིན།

འདི་ནི་ཧོ་ཅུན་ཅེས་ཕ་མ་གཉིས་ལ་འཐམ་བཞིན་པ།
“ཤ་རྒྱངས་རྒྱུ་མ་འདིར་དངོས་འབྲེལ་ཕ་ཡུལ་གྱི་བྲོ་བ་འདུག” ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གུང་རི་གྲོང་ཚོའི་གྲོང་སྡོད་ཉལ་ཁང་ནང“95ནང་སྐྱེས”ཀྱི་གྲོང་སྡོད་ལས་བྱེད་པ་ཧོ་ཅུན་ཅེས་ཨ་མས་བཟོས་པའི་ཕ་ཡུལ་བྲོ་བའི་ཚལ་ཟ་བཞིན་མིག་ཟུང་མཆི་མས་བརླན། དེ་ནི་ཁོང་མེ་ཏོག་ཏུ་གཞི་ཚུགས་པའི་ལོ་ལྔ་པ་ཡིན་ལ། ཕ་མ་གཉིས་དང་མཉམ་དུ་དེ་གར་དཔྱིད་གསར་དུས་ཆེན་གཏོང་ཐེངས་དང་པོ་ཡང་ཡིན། སྤྱི་ལེ་3000ལྷག་ཙམ་དང་ཆུ་ཚོད་30ལྷག་ཙམ་འགྲོ་སྐྱོད་བྱས་པའི་མཉམ་འཛོམས་དེ་ལས་གྲོང་སྡོད་ན་གཞོན་ལས་བྱེད་པ་ཞིག་གི་ཐོག་མའི་བསམ་འདུན་དང་བརྟན་སྲུང་དང་ཕ་མ་གཉིས་ཀྱི་བསམ་ཤེས་དང་དྲན་སེམས་མངོན་གྱི་ཡོད།
2021ལོའི་དབྱར་ཁར། ཀོང་ཀྲོའུ་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་ནས་ཐོན་པའི་ཧོ་ཅུན་ཅེ་ཡིས་མི་ཚེའི་བཞི་མདོ་ཁ་ནས“དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་དོན་སྙིང་ལྡན་ཤོས་ཀྱི་བྱ་བ་སྒྲུབ”ཡོད། ཁོང་གིས་དད་སེམས་དེ་འཆང་བཞིན་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྡོག་ཁྲེས་ཁུར་ནས་ཀྲུང་གོའི་གཞུང་ལམ་ཤར་གཏོང་ཐུབ་མཇུག་ཤོས་ཀྱི་རྫོང་གྲོང་དེར་སྐྱོད།
ལོ་ལྔའི་རིང་། ཐོག་མར་གཞི་རིམ་དུ་སྐྱོད་སྐབས་ཀྱི་རྣམ་པ་དེ་མེད་པར་ཧོ་ཅུན་ཅེ་ཡི་ཐོག་མའི་བསམ་འདུན་དེ་བས་བརྟན་དུ་ཕྱིན་ཡོད། ཁོང་གིས་ཕ་ཡུལ་ལ་བཅངས་པའི་དྲན་སེམས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། གུང་རི་གྲོང་ཚོར“མཆོག་ནོར”མི་ཉུང་བ་ཞིག་ཡོད་དེ། སྤུས་ལེགས་ཀྱི་གནའ་བོའི་ཇ་ཤིང་གི་ཇ་ལོ་དང་། ལག་ཤེས་ཐོན་རྫས་རྡོ་ཁོག ཤིང་ཏོག་ཞུ་མཁན་སོགས་ཧ་ཅང་མང་པོ་ཡོད་རུང་ས་ཆ་དེ་ཐག་རིང་ལུང་ཁུག་ཏུ་གནས་པའི་རྐྱེན་གྱིས་ཡུལ་ཟོག་དེ་དག་ཐོག་མཐའ་བར་གསུམ་དུ་ཤེས་རྟོགས་བྱེད་མཁན་མེད། གྲོང་མི་ཚོས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་བཞིན་ཡོད་མོད། འོན་ཀྱང་ཡོང་འབབ་མང་པོ་མེད་པ་ཁོང་གིས་མགྱོགས་མྱུར་ཤེས་རྟོགས་བྱུང་ཡོད།
གསར་འགྱུར་བརྒྱུད་སྤེལ་སྦྱོང་མཁན་ཧོ་ཅུན་ཅེ་ཡིས་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས་པར་ཆས་སྤྱད་པ་དང་ཐད་གཏོང་སྒྲིག་ཆས་བཙུགས་ནས་གུང་རི་གྲོང་ཚོའི“གྲོང་གསེབ་ཀྱི་དྲ་ཐོག་གྲགས་ཅན”ཞིག་བྱས་ཏེ“ཐོན་རྫས་ཐད་འཚོང་དང་། མོན་པ་དང་ལྷོ་པའི་རིག་གནས། མེ་ཏོག་གི་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི”ཐད་གཏོང་བྱེད་སྟངས་གསར་གཏོད་བྱས་པ་རེད།
དུས་ཐུང་ལོ་ཕྱེད་ནང་ཁོང་གི་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་20ལྷག་ཙམ་ཟིན་པ་དང་བརྙན་ཐུང་བརྩམས་ཆོས་ལ་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་260ལས་བརྒལ་ཏེ་ཡུལ་མིར་ཐད་ཀར་འབབ་འཕར་སྒོར་ཁྲི་8.5བྱུང་ཡོད། མི་རྣམས་སེམས་འགུལ་ཐེབས་པ་ཞིག་ནི་ཁོང་གིས་དྲ་ཐོག་གི་ཐབས་ལམ་བརྒྱུད་གྲོང་ཚོའི་དུད་ཚང་གཉིས་ཀྱི་བེད་མེད་དུ་ལུས་པའི་ཁང་པ་ཡུན་རིང་བོགས་མར་ལེན་མཁན་བྱུང་བ་དང་བོགས་གཏོང་ཡོང་འབབ་སྒོར་ཁྲི་190རག་སྟེ་ཡུལ་མིར་གྲངས་འཛིན་ཅན་གྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད།
“བུས་རྟག་ཏུ་ལས་བྲེལ་ཆེན་པོ་འདུག་ཅེས་བརྗོད་པ་དང་ང་གཉིས་ཀྱིས་ཀྱང་བུས་ལས་ཀ་གང་ཞིག་བྱེད་མིན་དང་བུ་འཚོ་བ་སྐྱེལ་ས་དེར་ལྟ་འདོད་བྱུང” དཔྱིད་གསར་དུས་ཆེན་གྱི་སྔ་སྣུར་དུ། ཅིང་ཏུང་སྒོ་རྩིས་ཚོང་ཁང་གི“2026ལོའི་བསམ་འདུན་སྒྲུབ་པའི”བྱེད་སྒོའི་དྲོ་སྐྱིད་སྦྱིན་པའི་རོགས་རམ་འོག་ཧོ་ཅུན་ཅེ་ཡི་ཕ་མ་གཉིས་བོད་དུ་མཉམ་འཛོམས་བྱེད་པར་ཡོང་ཡོད།
ཧོ་ཅུན་ཅེ་ཡི་ཕ་མ་གཉིས་ཀྱིས་ཕ་ཡུལ་ནས་ཁྱེར་ཡོང་བའི་ཤ་རྒྱངས་རྒྱུ་མ་དང་ཤ་བསྙལ་མ་དང་། མེ་ཏོག་གི་གནའ་བོའི་ཇ་ཤིང་གི་ཇ་ལོ་དང་རྡོ་ཁོག་ནང་བཙོས་པའི་ཚལ་བཅས་གསོལ་ལྕོག་ཐོག་བསྒྲིགས་ནས་ཕ་ཡུལ་གྱི་བྲོ་བ་དང་མཐའ་མཚམས་ཀྱི་བརྩེ་སེམས་ཀྱིས་ཁེངས་པའི་མཉམ་འཛོམས་ཁ་ལག་དེ་བྲོ་བ་ཧ་ཅང་ཞིམ། ནང་མི་མཉམ་འཛོམས་ཀྱི་དགོད་སྒྲ་དང་སྨོན་འདུན་ཞུ་རེས་མཐའ་མཚམས་གྲོང་ཚོ་ཆུང་ཆུང་དེའི་གང་སར་ཁྱབ།
ཁོང་གིས“མང་ཚོགས་གང་དུ་ཡོད་ན་འདི་གར་ངའི་ཁྱིམ་ཡིན” རང་ཉིད་ཀྱི་བསམ་འདུན་ཧ་ཅང་སྟབས་བདེ་པོ་ཡིན་ཏེ། དེ་ནི་མུ་མཐུད་ས་ཆ་དེ་སྲུང་བ་དང་མེ་ཏོག་གི་ཡུལ་ཟོག་ཡག་པོ་དག་ཕྱི་ཕྱོགས་སུ་འོས་སྦྱོར་གྱིས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་རྒྱ་ཆེར་བཏང་སྟེ་གུང་རི་གྲོང་ཚོའི་ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ་པ་དང་མི་དེ་བས་མང་བས་མེ་ཏོག་གི་མཛེས་ལྗོངས་མཐོང་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།