གུག་ཆ་བདུན་ཅུ་དོན་གཉིས“ཉེན་ལམ”ནས“བདེ་ལམ”དུ་འགྱུར་རྒྱུ་ཡིན་པ།
—— རྒྱལ་ལམ་318ཀྱི་ཐེམ་ཐོག་གྲོང་ཚོ་ནས་དགེ་ཡུལ་གྲོང་ཚོ་བར་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་མཐོང་ཐོས།

འདི་ནི་རྒྱལ་ལམ་318རྒྱུད་ཀྱི་ཐེམ་ཐོག་གྲོང་ཚོ་ནས་དགེ་ཡུལ་གྲོང་ཚོ་དུམ་བུའི་ཨར་ལས་རྣམ་གྲངས་ཀྱི་ཐེམ་ཐོག་ཟམ་ཆེན་དང་ཐེམ་ཐོག་ཕུག་ལམ་ཡིན་པ།
ས་བབ་སྨི་4600ཡོད་པའི་ཉི་ལ་རི་བོའི་ལ་ཉག་ནས་ཐོན་ཏེ་མུ་མཐུད་ཐུར་དུ་བབས་ནས་གུག་ཆ་བརྒྱ་ལྷག་ཙམ་བརྒྱུད་མཐར་ས་བབ་སྨི་3000ཡོད་པའི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་སླེབས་ཤིང་། ལམ་དེ་ལས་རང་བྱུང་ཁམས་ཆེན་པོའི་ངོ་མཚར་བཟོ་རྩལ་དང་ཀྲུང་གོ་བའི་དཀའ་སྤྱད་སྙིང་རུས་ལྷག་པར་མངོན་པ་མ་ཟད། ཁྲོན་བོད་ལམ་ཐིག་གི་གཡང་གཟར་དང་མཛེས་ཉམས་གསལ་འགྲེལ་བྱས་ཡོད།
འོན་ཀྱང་། རྒྱལ་ལམ་318ཐེམ་ཐོག་གྲོང་ཚོ་ནས་དགེ་ཡུལ་གྲོང་ཚོ་བར་གྱི་ཨར་ལས་རྣམ་གྲངས་བདེ་བླག་ངང་སྐྲུན་བཞིན་ཡོད་པ་དང་2028ལོའི་ཟླ་4པར་སླེབས་སྐབས་བོད་དུ་ཡོང་བར་རྒྱལ་མོ་རྔུལ་ཆུའི་གུག་ཆ་72བརྒྱུད་དགོས་མེད།
ཨར་ལས་འགྲོ་གྲོན་མྱུར་བགྲོད་གཞུང་ལམ་ལས་མཐོ་བ།
“ཐེམ་ཐོག་གྲོང་ཚོ་ནས་དགེ་ཡུལ་གྲོང་ཚོ་བར་གྱི་རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་42.5ཟིན་པ་དང་། རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱེད་བཞིན་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་45བཏང་སྟེ་ཡན་ལག་རྣམ་གྲངས་གཉིས་སུ་དབྱེ་ནས་དུས་མཉམ་དུ་ཨར་སྐྲུན་བྱེད་བཞིན་ཡོད་པ་དང་། སྤྱི་ལེ་རེའི་ཆ་སྙོམས་ཨར་ལས་འགྲོ་གྲོན་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་གྱི་ཡོད། 2025ལོར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་བཟོ་བའི་ཆ་སྙོམས་ཨར་ལས་འགྲོ་གྲོན་སྒོར་ཁྲི་9000ཙམ་ལས་ཟིན་གྱི་མེད་སྟབས། ལམ་འདི་སྐྲུན་པའི་འགྲོ་གྲོན་ཧ་ཅང་མཐོ་པོ་རེད”ཅེས་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་བཟོ་སྐྲུན་ཅུས་གཉིས་པ་ཚད་ཡོད་ཀུང་སིའི་ཨར་ལས་རྣམ་གྲངས་ཀྱི་ཅིང་ལི་པུའི་ཡན་ལག་དང་པོའི་ཅིང་ལི་གཞོན་པ་ཀྲང་ཕེང་ཧྥེ་ཡིས་གསར་འགོད་པར་བརྗོད་བྱུང་།
ལམ་དེའི་བཟོ་རིན་མཐོ་པོ་དེ་འདྲ་ཡོད་དོན་ནི་རྣམ་གྲངས་དེ་ཉི་ལ་རི་བོའི་དཀྱིལ་ཁུལ་གྱི་གསར་སྐྲུན་ལམ་དུམ་དུ་གནས་ཡོད་སྟབས་ཨར་ལས་ཀྱི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་རེད། དེའི་ནང་སྤྱིའི་རིང་ཚད་སྨི་3589ཟིན་པའི་ཟམ་པ་29དང་སྤྱིའི་རིང་ཚད་སྨི་21729ཟིན་པའི་ཕུག་ལམ་12ཚུད་ཡོད། ཕུག་ལམ་གྱི་རིང་ཚད་ཀྱིས་ལམ་ཚད་ཕྱེད་ཀ་ཙམ་ཟིན་པ་མ་ཟད། ས་བབ་སྨི་4100ཟིན་པའི་མཛོ་སྒང་རྫོང་གི་ཐེམ་ཐོག་གྲོང་ཚོ་ནས་ས་བབ་སྨི་2900ཟིན་པའི་དཔའ་ཤོད་རྫོང་གི་དགེ་ཡུལ་གྲོང་ཚོ་བར་ས་བབ་ཀྱི་བར་ཁྱད་སྨི་1000ལྷག་ཙམ་ཟིན་གྱི་ཡོད་པ་རེད།
ཀྲང་ཕེང་ཧྥེ་ཡིས་བརྗོད་དོན། རྣམ་གྲངས་ལེགས་གྲུབ་བྱུང་རྗེས། ཐེན་ཐོག་གྲོང་ཚོ་ནས་དགེ་ཡུལ་གྲོང་ཚོ་བར་གྱི་སྔོན་མ་སྤྱི་ལེ་89ཙམ་ཟིན་པའི་ལམ་ཐག་ཕྱེད་ཀ་ཡན་ཇེ་ཐུང་དུ་ཕྱིན་པ་དང་། ལྷག་པར་དུ་གུག་ཆ་72བརྒྱུད་དགོས་མེད་པས་རླངས་འཁོར་གཏོང་བའི་དུས་ཚོད་སྔོན་དཔག་བྱས་ན་ཆུ་ཚོད་2ཡན་ཐུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། བདེ་འཇགས་ཆེ་ལ་སྟབས་ཀྱང་ཧ་ཅང་བདེ་པོ་ཡོད།
འཛེར་སྒྲ་ཧྥུན་པེ་100ཟིན་པའི་ཁོར་ཡུག་འོག་ཕུག་ལམ་བཟོ་བ།
ཐེམ་ཐོག་གྲོང་ཚོ་ནས་དགེ་ཡུལ་གྲོང་ཚོ་བར་གྱི་རྣམ་གྲངས་ཀྱི་ཕུག་ལམ་12ཁྲོད་རིང་ཤོས་ནི་གསལ་ཡུལ་ཕུག་ལམ་ཨང་དང་པོ་ཡིན་པ་དང་། དེ་མཛོ་སྒང་རྫོང་སྟོབས་འབར་ཤང་གསལ་ཡུལ་གྲོང་ཚོའི་གཤམ་འོག་གི་ཉི་ལ་རི་བོའི་རི་རྐེད་དུ་གནས་པ་དང་ལམ་ཐག་ཧྲིལ་པོའི་རིང་ཚད་སྤྱི་ལེ་4.7ཙམ་ཟིན་གྱི་ཡོད།
ཕུག་ལམ་གྱི་ལས་སྒྲུབ་བྱེད་ས་ནས་གསར་འགོད་པས་ཧུའུ་པེ་ནས་ཡིན་པའི་ལམ་བཟོ་བ་ལིའུ་ཤིན་མཐོང་བྱུང་། ད་ལོ་ལོ་50ལ་སླེབས་པའི་ཁོང་གཞུང་ལམ་ལས་གྲྭ་གལ་ཆེན་མང་པོ་ཞིག་གི་འཛུགས་སྐྲུན་ལ་ཞུགས་མྱོང་ཡོད་པས་ཚོགས་ཆུང་ནང་ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཀྱི་བཟོ་པ་ཞིག་རེད།
“མིག་སྔར་ཕུག་ལམ་དུ་མི་ཐབས་གསོར་འབིགས་འབར་གས་དང་ཕྱོགས་གཉིས་ནས་སྔོག་གི་ཡོད་པས་སྨི་600མ་གཏོགས་ལྷག་མེད། སྔོན་དཔག་བྱས་ན་ད་ལོའི་ཟླ་བ་6པར་གཏད་འབིགས་ཐུབ་རེ་ཡོད”ཅེས་ལིའུ་ཤིན་གྱིས་བརྗོད།
ཨར་སྐྲུན་བྱེད་སྐབས། གསོར་མགོ་མང་པོས་དུས་མཉམ་དུ་འདྲུད་དགོས་སྟབས་ཨར་ལས་བྱ་ཡུལ་གྱི་འཛེར་སྒྲ་ཧྥུན་པེ་100ཙམ་ཟིན་གྱི་ཡོད། གསར་འགོད་པ་ལས་ཡུལ་དུ་སྐར་མ་5ཙམ་ལས་མ་བསྡད་ཀྱང་འཛེར་སྒྲ་བཟོད་མ་ཐུབ་པར་དེ་ནས་ཐོན་དགོས་བྱུང་། འོན་ཀྱང་ལིའུ་ཤིན་ཁོང་ཚོའི་ཚོགས་ཆུང་གིས་ཁོར་ཡུག་དེ་འདྲའི་འོག་བསྟུད་མར་ལས་ཀ་ཆུ་ཚོད་2ལྷག་ཙམ་བྱེད་དགོས་ཀྱི་ཡོད།
འོན་ཀྱང་ལིའུ་ཤིན་གྱིས་མཐའ་མཇུག་ཏུ་བཤད་པའི་སྐད་ཆ་ཞིག་གིས་ང་ལ་བག་ཆགས་ཧ་ཅང་ཟབ་མོ་བཞག་བྱུང་། “བོད་དུ་ལམ་བཟོ་བར་ཡོང་བ་ནི་འཚོ་བའི་ཆེད་དུ་ཡིན་ལ་ཕུགས་བསམ་གྱི་ཆེད་དུའང་ཡིན། ང་ཚོས་ལམ་རེ་དང་ཕུག་ལམ་རེ་བཟོས་རྗེས་ངས་བསྐྱར་དུ་ཐེངས་གཅིག་འགྲོ་གི་ཡོད། དེ་དུས་རང་ཉིད་ཀྱིས་བྱས་པའི་ལས་ཀར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།
རི་གྲོང་ནས་ཕྱི་ཕྱོགས་ལ་འགྲོ་ཐུབ་པའི་རེ་བ་ཡོད་པ།
དེ་སྔོན་གསལ་ཡུལ་གྲོང་ཚོ་ནས་ཕྱི་ཕྱོགས་སུ་སྐྱོད་པར་ཁུག་ཆ་མང་བའི་ཤང་གྲོང་ལམ་གུ་དོག་པོ་དེ་ཁོ་ནར་བརྟེན་དགོས་པ་དང་། ལམ་བར་དུ་ཉི་ལ་རིའི་ལ་ཉག་གཉིས་བརྒལ་དགོས་པས། ཐེམ་ཐོག་གྲོང་ཚོར་མ་སླེབས་བར་ཉུང་མཐར་ཡང་ཆུ་ཚོད་གཉིས་འགོར་གྱི་ཡོད་པས། ཡུལ་དེ་གའི་མང་ཚོགས་ཕྱིར་གླ་པ་རྒྱུག་པའམ་ཡང་ན་ལས་དོན་སྒྲུབ་པ་དང་སྨན་བཅོས་བྱེད་པར་འགྲོ་དུས་སྟབས་བདེ་པོ་གཏན་ནས་མེད།
ལམ་གསར་པར་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཐེམ་ཐོག་གྲོང་ཚོ་ནས་གསལ་ཡུལ་ཕུག་ལམ་ཨང་དང་པོ་བར་སྐར་མ་20ལྷག་ཙམ་ལས་མི་འགོར་བ་དང་། དེ་ནས་ཕུག་ལམ་འགྲམ་གྱི་སྦྲེལ་མཐུད་ལམ་ནས་སྐར་མ་5སོང་ཚེ་གྲོང་ཚོར་འབྱོར་གྱི་ཡོད།
རི་ཁུལ་གྱི་མང་ཚོགས་ཚོས་ལམ་འདི་བརྒྱུད་དེ་རི་གྲོང་ནས་ཐོན་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་རི་གྲོང་ཕྱིའི་མང་ཚོགས་ཚོས་སྔ་ས་ནས་ལམ་འདི་བརྒྱུད་འབབ་འཕར་བྱུང་བའི་བདེ་སྐྱིད་སྔོན་ལ་ལོངས་སུ་སྤྱད་ཡོད།
རྣམ་གྲངས་ཀྱི་འགོ་འཛུགས་ས་ཐེམ་ཐོག་ཕུག་ལམ་གྱི་ལམ་ཁར་ཡོད་པའི་ཐེམ་ཐོག་ཟམ་ཆེན་འགྲམ་དུ་གསར་འགོད་པར་ཐེམ་ཐོག་གྲོང་ཚོའི་ཡུལ་མི་བྱམས་པ་དགེ་ལེགས་དང་བྱམས་པ་ཚེ་བརྟན་ཐུག་བྱུང་། ཁོང་གཉིས་ཀྱིས་རང་ཁྱིམ་གྱི་རླངས་འཁོར་ཆེ་གྲས་བཏང་སྟེ་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་བྱེ་རྡོ་དབོར་བཞིན་ཡོད་ཅིང་། 2024ལོ་ནས་ད་བར་ཁོང་གཉིས་སོ་སོར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་འདུག
ཀྲང་ཕུང་ཧྥེས་ངོ་སྤྲོད་བྱས་དོན། མིག་སྔར་རྣམ་གྲངས་དེས་རིམ་རྩིས་བརྒྱབ་ན་ཡུལ་དེའི་ཞིང་འབྲོག་པ་མི་ཐེངས་541ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་ཁྲི་345བྱུང་བ་དང་། ཞིང་འབྲོག་པའི་འཕྲུལ་ཆས་དང་རླངས་འཁོར་ཐེངས་ཁྲི་3ལྷག་ཙམ་གླས་པར་འབབ་འཕར་སྒོར་ཁྲི་3736བྱུང་བ། ཐེམ་ཐོག་སོགས་མཐའ་འཁོར་ཤང་དང་གྲོང་རྡལ་གྱི་ཨར་འདམ་དང་བྱེ་རྡོ་སོགས་ཀྱི་རྒྱུ་ཆ་ཏུན་ཁྲི་35ཉོས་པར་ས་གནས་དེར་ཡོང་འབབ་སྒོར་དུང་ཕྱུར་1ལྷག་ཙམ་བྱུང་ཡོད།
“ལས་གྲྭའི་མྱུར་ཚད་ཐད་མིག་སྔར་རྣམ་གྲངས་ཁག་གཅིག་གན་རྒྱའི་བསྡོམས་འབོར་གྱི་71.99%ལེགས་གྲུབ་ཟིན་པ་དང་། ཨར་ལས་པ་ཚང་མར་2028ལོའི་ཟླ་བ་4པར་དུས་བཀག་ལྟར་རྩིས་སྤྲོད་ཐུབ་པའི་གདེང་ཚོད་ཡོད”ཅེས་ཀྲང་ཕུང་ཧྥེས་བརྗོད།
ཨར་སྐྲུན་གཙོ་གཟུགས་ལེགས་སྒྲུབ་ཟིན་པའི་ཐེམ་ཐོག་ཕུག་ལམ་དང་ཟམ་ཆེན་ཁོང་གི་འགྲམ་དུ་འགྱིང་ངེར་གནས་ཡོད་ཅིང་། མི་རིང་བར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།