དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྱིམ་ཚང“དུ་དྲེག་གིས་འཚོས་པ”ནས“དྲོ་སྐྱིད་ལྡན་པའི”བར་གྱི་འགྱུར་ལྡོག

    ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤང་མདའ་གྲོང་ཚོའི་མང་ཚོགས་ཚོས་ནུས་རྒྱུ་གཙང་མའི་དྲོད་རླངས་སྤྱོད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-01

    ལྕི་བའི་ཐབ་སྤྱོད་མཚམས་བཞག་ནས་ཚ་སོབ་སོབ་ཀྱི་དྲོད་རླངས་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤང་མདའ་གྲོང་རྡལ་སྤང་མདའ་གྲོང་ཚོར་དེ་ལྟ་བུའི་འགྱུར་ལྡོག་བྱུང་ནས་མང་ཚོགས་ཚོས་དངོས་དངོས་རྗེན་རྗེན་གྱི་དྲོ་སྐྱིད་ཚོར་ཡོད།

    སྤང་མདའ་གྲོང་ཚོའི་དགུན་གཞུང་རིང་བའི་སྐབས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་ལྷག་ཙམ་ལ་སླེབས་ཀྱི་ཡོད། སྔར་ནས་ད་བར་སྤང་མདའ་གྲོང་ཚོའི་ཡུལ་མིས་ཁང་པའི་ནང་ལྕི་བའི་ཐབ་བཏང་ནས་དྲོད་ལེན་ཐབས་བྱེད་ཀྱི་ཡོད།

    “སྔོན་ཆད་དགུན་ཁ་སླེབས་རིམ་བཞིན་གྲང་ཟུག་ཆེན་པོ་ཡོད”ཅེས་ཡུལ་མི་རྣམ་སྲས་མགོན་པོས་གྱང་ཟུར་དུ་བཞག་པའི་ལྕི་བའི་ཐབ་དེར་མཛུབ་མོ་འཛུགས་བཞིན་དུ“སྔོན་མ་ཁྱིམ་གྱི་ལྕི་བའི་ཐབ་ཀྱི་དུ་བས་མིད་པ་ཡང་སེ་འགག་པ་དང་། སྐབས་རེ་དུ་ཁུང་འགག་ནས་དུ་བས་མིག་ཚ་བ་མ་ཟད། སྒེའུ་ཁུང་སྟེང་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། ད་ཆ། གནས་ཚུལ་དེར་རྦད་དེ་འགྱུར་ལྡོག་ཕྱིན་ནས་དྲོད་རླངས་ཁ་ཕྱེ་འཕྲལ་འཁྱུག་ཙམ་ཞིག་ལ་ཁང་པའི་ནང་དྲོ་སོབ་སོབ་ཆགས་ཀྱི་འདུག་ཅེས་བཤད།

    2025ལོའི་ཟླ་བཅུ་གཅིག་པ་ནས་བཟུང་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཚོད་ལྟ་ཐོག་མ་བྱས་པའི་སྤང་མདའ་གྲོང་ཚོའི་དྲོད་རླངས་མཁོ་འདོན་རྣམ་གྲངས་དངོས་སུ་སྤེལ་བ་དང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1050.14བཏང་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་211ལ་དྲོད་རླངས་མཁོ་འདོན་བྱས་ཡོད།

    རྣམ་གྲངས་ཚོགས་པས་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཐེངས་མང་བྱས་མཐར་མཐོ་གྲང་གི་གནམ་གཤིས་དང་འཚམ་པའི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཇུས་གཞི་གཏན་འཁེལ་བྱས་ཤིང་། ཚ་དྲོད་འབྱུང་ཁུངས་འདེམས་པ་ནས་མདོང་དྲ་འདིང་བའི་བར་དང་། གློག་ཤུགས་ལེ་ལག་ཚང་པོས་སྒྲིག་སྦྱོར་ནས་འཁོར་སྐྱོད་དང་བདག་སྐྱོང་འགན་ལེན་བར་གྱི་ལྷུ་ཚིགས་ཚང་མར་ས་མཐོའི་ཁོར་ཡུག་ལ་དམིགས་ནས་ཆེད་མངགས་ཇུས་འགོད་བྱས་ཡོད། ཨར་སྐྲུན་ཟླ་བ་གསུམ་ཙམ་བྱས་མཐར་ད་ཆ་སྤང་མདའ་གྲོང་ཚོའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཚང་མ་སྒྲིག་སྦྱོར་བྱས་ནས་ཚོད་གཏོང་ཐུབ་ཡོད།

    མིག་སྔར། སྤང་མདའ་གྲོང་ཚོའི་ཚོད་ལྟའི་ཞིང་དུད་ཚང་མའི་དྲོད་ཚད་ཧྲེ་ཧྲི་ཏུའུ་20ཡན་ཟིན་པ་དང་། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཁང་པའི་ནང་གི་མཁའ་རླུང་སྤུས་ཚད་ལ་སྦགས་བཙོག་དངོས་པོ་འདུས་ཚད་མངོན་གསལ་དོད་པོས་ཆག་ཡོད།

    “དུ་དྲག་གིས་འཚོས་པ”ནས“གཙང་ཞིང་དྲོ་སོབ་སོབ”བར་འགྱུར་ལྡོག་བྱུང་བ་ནི་དྲོད་ལེན་ཐབས་ཙམ་མིན།

    ཡུལ་མི་བསོད་ནམས་ཉི་མའི་ཁྱིམ་དུ་སྐྱོད་སྐབས། དྲོ་སོབ་སོབ་ཀྱི་ཁང་པའི་ནང་གློག་འོད་ཁྲ་ཆིལ་ལེར་སྤར་བའི་འོག་ཕྲུ་གུ་ཚོས་ཁྱིམ་སྦྱོང་ནན་ཏན་ངང་འབྲི་བཞིན་ཡོད་པ་དང་། གཙང་སྦྲ་དོད་པའི་ཁྲ་མའི་སྟེགས་བུར་བཞག་པའི་མེ་ཏོག་ཁོག་མ་ཁ་ཤས་ནས་མྱུ་གུ་སྔོན་པོ་འབུས་པ་གསར་འགོད་པས་མཐོང་བྱུང་། “གྲོང་ཚོར་ཡང་དྲོད་རླངས་སྤྱོད་རྒྱུ་ཡོང་བ་བསམ་པའི་ཡུལ་ལས་འདས་སོང་། ཕྲུ་གུ་ཚོ་ཁྱིམ་སྦྱོང་འབྲི་སྐབས་འཁྱག་སྲིད་པའི་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བསོད་ནམས་ཉི་མས་གསར་འགོད་པར་ཇ་བསྲུབས་མ་བླུགས་ཞོར་དུ་བཤད།

    དགུན་ཁ་འདིར་སྤང་མདའ་གྲོང་ཚོའི་ཕྲུ་གུ་ཚོ་དྲོ་སོབ་སོབ་ཀྱི་ཁང་པའི་ནང་གཉིད་དུ་ཡུར་བ་དང་། རྒན་པ་རྣམས་ཐོ་རེངས་སུ་མལ་ལས་ལངས་ནས་མེ་ཁ་གསོ་དགོས་མེད། རྒྱུན་གཏན་འཚོ་བའི་འགྱུར་ལྡོག་ཆུང་ཙག་ལས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།