ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་ནས་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་བཏང་བ།
2025ལོར་ལྷ་ས་གྲོང་ཁྱེར་གྱིས་འཕྲོད་བསྟེན་དང་བདེ་ཐང་གི་དམངས་འཚོའི་དོན་དངོས་སྐོར་གྱི་རང་སྐྱོང་ལྗོངས་ཀྱི“དམིགས་ས་ལྔའི”བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བདེ་ཐང་གཙོ་བོའི་འགྲན་སློང་ཆེན་པོ་ལྔར་དམིགས་པ། འཕྲོད་བསྟེན་བདེ་ཐང་གི“བྱ་སྤྱོད་བརྒྱད”ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྨན་བཅོས་ཐོན་ཁུངས་ལེགས་སུ་གཏོང་བ་ནས་བདེ་ཐང་ལ་འགན་ལེན་བྱེད་པའི་བར་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་བཏང་བ་རེད།
སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་བཏང་ནས་ནད་གཞི་ལྟ་རྒྱུར་དེ་བས་སྟབས་བདེ་བསྐྲུན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་གཅིག་མཐུན་རྣམ་པའི་སྨན་བཅོས་ཚོགས་པ་དང་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། སྤུས་ལེགས་ཐོན་ཁུངས་དོ་སྙོམས་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དབར་རྐང་འཛིན་པ་གཤམ་གཏོང་དང་མི་སྣ་མངགས་གཏོང་གི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་སྨན་བཅོས་སྤོ་སྒྱུར་གྱི་ཐབས་ལམ་འཐུས་སྒོ་ཚང་དུ་བཏང་བས། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒོ་བསྟེན་སྨན་ཁང་དུ་ནད་གཞི་ལྟ་མཁན་དུས་མཚུངས་ལས་15.64%འཕར་ཡོད། མིག་སྔར། ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་གི་རིམ་པ་སྒྱུར་བཅོས་ལེགས་སྒྲུབ་ཟིན་པས་རྫོང་ཁག་དང་ཆུས་ཁག་གི་སྨན་བཅོས་གཅིག་མཐུན་ཚོགས་པ་ཚད་ལྡན་ཅན་གྱི་འཁོར་སྐྱོད་ཐུབ་པ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་སྟེ་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
དམངས་ཡོངས་ཀྱི་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་དེ་བདེ་ཐང་གི་རྨང་གཞིར་བྱས་ཤིང་། “ཕྱོགས་ཡོངས་ལ་ཁྱབ་པ་དང་རིན་མི་དགོས་པར་སྨན་བཅོས་བྱེད་པའི”རྩ་དོན་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་གྱི་གཟུགས་པོར་བརྟག་དཔྱད་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། དམིགས་བསལ་ཚོགས་སྤྱིར་དམིགས་ནས་རླངས་འཁོར་བཏང་སྟེ་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་ཡོད། མིག་སྔའི་བར་མི་ཐེངས་ཁྲི་68.81ལ་གཟུགས་པོར་བརྟག་དཔྱད་བྱས་ནས་གཟུགས་པོར་བརྟག་དཔྱད་བྱེད་ཚད་92.2%ཟིན་པ་དང་རིམ་ཁག་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.1ལས་ལྷག་ཙམ་བཏང་ཡོད།
དེ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་གྱིས་2025ལོར་བདེ་ཐང་ཚན་རྩལ་ཁྱབ་གདལ་བྱེད་སྒོ་ཐེངས་131སྤེལ་བར་མི་ཐེངས་ཁྲི་2ཙམ་ཞུགས་པ་དང་། སྨན་བཅོས་སྒྲིག་གཞིས་ལུས་པོའི་ལྗིད་ཚད་འཇལ་བའི་སྒོ་བསྟེན་སྨན་ཁང་བཙུགས་ཏེ་མི་ཐེངས་1600ལ་ཚན་རིག་དང་མཐུན་པའི་ལུས་པོའི་ལྗིད་ཚད་ཚོད་འཛིན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།