དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་མི་ཙེང་ཤུས་ཆིང་གིས་གསུངས་དོན།

    བཟོ་བོའི་བློ་ཡིས་མི་གསར་སྐྱོང་། སློབ་མའི་བདེ་ཐང་ཡག་པོ་སྲུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-28

    ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཅིན་ཀོང་སློབ་ཆུང་གི་སེམས་ཁམས་བློ་འདྲི་ཁང་ཞིག་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཙེང་ཤུས་ཆིང་གིས་ལོ་རིམ་ལྔ་པའི་སློབ་མ་ཞིག་གི་སེམས་ཁྲལ་སྐོར་ཉན་བཞིན་མཆིས། “ཕྲུ་གུ་ཚོའི་སེམས་ཁམས་བདེ་ཐང་ནི་ལྗོན་ཤིང་ལྟར་ཉི་འོད་དང་ཆར་ཟིལ་ནི་དེ་བས་མཁོ་བས་ངེས་པར་དུ་གཡོག་བྱེད་ཞིབ་ཚགས་བྱེད་དགོས”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཚུན་སློབ་གསོའི་ལས་ལ་གཞོལ་ནས་ལོ་39སོང་བའི་ཁོང་གིས་ཐོག་མཐའ་བར་གསུམ་དུ་སློབ་མའི་སེམས་ཁམས་བདེ་ཐང་དེ“འཚར་ལོངས་ཀྱི་ངེས་སྦྱོང་སློབ་ཚན”དུ་བརྩིས་ནས་མཐོང་ཆེན་པོ་བྱེད་ཀྱི་ཡོད།

    2023ལོའི་ལོ་འགོར། ཁོང་གིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གནས་ཚུལ་སྐོར་གྱི་བརྟག་དཔྱད་སྙན་ཞུ་ཞིག་ལ་དོ་ཁུར་ཆེན་པོ་བྱེད་ཅིང་། དོགས་གནད་དེར་དམིགས་ནས་ཁོང་གིས་དགེ་སློབ་དང་ཁྱིམ་བདག་དབར་གླེང་མོལ་ཧུར་ཐག་བྱས་པ་དང་། རིམ་ཁག་སྲིད་འཛིན་གཙོ་གཉེར་སྡེ་ཚན་དང་། སྨན་ཁང་། སྡེ་ཁུལ། སློབ་གྲྭ་བཅས་ཀྱི་སེམས་ཁམས་ཟུར་ཁྲིད་ལྟེ་གནས་དང་དེ་བཞིན་ཆོན་ཀྲོའུ་ཅིང་ཅང་དང་། ནན་ཨན། ཨན་ཤིས་སོགས་རྫོང་དང་གྲོང་ཁྱེར་གྱི་གཞི་རིམ་སློབ་གྲྭ་10ལྷག་ཙམ་དུ་བསྐྱོད་ནས་བརྟག་ཞིབ་བྱས་ཏེ། བསམ་འཆར་བསྡུ་རུབ་དང་གྲོས་འགོ་ཁག་མང་པོ་གསེད་བཀྲོལ་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཕུལ་ཡོད། ཁོང་གིས་སློབ་གྲྭའི་སེམས་ཁམས་བདེ་ཐང་གི་སློབ་གསོར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞིབ་དཔྱོད་ཁང་དང་སྨན་ཁང་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་སློབ་མའི་སེམས་ཁམས་ཀྱི་ཉེན་ཁ་སེལ་བ་དང་སྔོན་འགོག་བྱེད་པའི“ཐོགས་མེད་བགྲོད་ལམ”ཤར་གཏོང་ཐུབ་པར་བྱས་ཡོད་པ་རེད།

    “གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གནད་དོན་ལ་དོ་ཁུར་བྱེད་པར་ཁྱིམ་ཚང་དང་། སློབ་གྲྭ སྨན་ཁང་། སྡེ་ཁུལ་བཅས་མཐུན་སྦྱོར་ཧུར་ཐག་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས”དེས་ན་ཙེང་ཤུས་ཆིང་གིས་སློབ་གྲྭས་སེམས་ཁམས་བདེ་ཐང་སློབ་གསོའི་སློབ་ཚན་འཚོགས་ནས་སེམས་ཁམས་ལྟ་ཞིབ་ཚད་ལེན་ལས་སྟེགས་འཛུགས་རྒྱུའི་གྲོས་འགོ་བཏོན་ཞིང་། ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སེམས་ཁམས་བློ་འདྲིའི་སྒྲིག་གཞིའི་ཆེད་ལས་འཇུག་འཐུས་ལམ་སྲོལ་བཙུགས་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་ཆེད་དོན་གྱི་སྒོ་བསྟེན་སྨན་ཁང་འཐུས་སྒོ་ཚང་དུ་གཏོང་དགོས།

    ཅིན་ཀོང་སློབ་ཆུང་གི་སློབ་ཁང་ནང་ཉིན་ལྟར་རྒན་ལགས་ཚོས་དམིགས་བསལ་པར་ཆས་ཤིག་གི་མདུན་དུ་ལངས་པ་དང་། སློབ་གྲྭ་འདིའི་སློབ་མ་ཕུད་ད་དུང་ལེ་དབར་བརྒྱ་ལྷག་ཆོད་པའི་གྲོང་གསེབ་སློབ་ཆུང་ཞིག་གི་སློབ་ཁང་ནང་གི་སློབ་ཁྲིད་རྣམ་པ་དངོས་མངོན་པའི་བརྙན་ཤེལ་ཆེན་པོ་ཞིག་ཀྱང་ཡོད་པ་རེད། “གྲངས་རིག་མཐུན་སྦྱོར་སློབ་ཁང་ནི་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སློབ་ཁྲིད་བྱེད་སྟངས་གསར་པ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། སློབ་གསོའི་འཐབ་ཕྱོགས་སུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་ང་ཚོས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་མཁན་གྱི་གདོང་དམག་ཅིག་ཧུར་ཐག་བྱེད་དགོས”ཞེས་ཙེང་ཤུས་ཆིང་གིས་བརྗོད།

    ཆོན་ཀྲོའུ་གྲོང་ཁྱེར་སློབ་གསོ་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག ཙེང་ཤུས་ཆིང་གིས་ཅིང་ཀོང་སློབ་ཆུང་གི་དགེ་རྒན་ཚོགས་པའི་སྣེ་ཁྲིད་དེ“5G+ཆེད་ཁྲིད་སློབ་ཚན”གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནན་ཨན་གྲོང་ཁྱེར་དང་། ཨན་ཤིས་རྫོང་། ཅིན་ཅང་གྲོང་ཁྱེར། ཧྥུང་ཙེ་ཆུས་སོགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཆུང་15ཙམ་མ་ཟད། ད་དུང་བོད་ལྗོངས་ལྷོ་རོང་རྫོང་གི་སློབ་ཆུང་དང་པོ་དང་ཡང་མནའ་འབྲེལ་བཙུགས་ཡོད་པ་རེད། ཉེ་བའི་ལོ་3རིང་། ཅིན་ཀོང་སློབ་ཆུང་གིས་ཆེད་བསྐུར་སློབ་ཚན་ཁག་5634འཚོགས་ནས་སློབ་མ་མི་ཐེངས་ཁྲི་10.2ལ་ཕན་པ་ཐོབ་ཡོད། “རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་ཉེའི་མཚམས་སུ་ངས་ད་དུང་སློབ་གསོའི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས་པ་སོགས་ཀྱི་གྲོས་དོན་ལ་མུ་མཐུད་དོ་ཁུར་བྱ་རྒྱུ་ཡིན”ཞེས་ཙེང་ཤུས་ཆིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།