དངོས་སྒྲུབ་དོན་འཁྱོལ་འགོག་རགས་བརྟན་པོ་བསྐྲུན། ཐོག་མའི་བསམ་འདུན་འཆང་བཞིན་དུས་བདེ་བསྲུངས།
རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བརྒྱད་པ།
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་རྟག་ཏུ་ཁ་བ་བུ་ཡུག་འཚུབ་རུང་། འབྲོག་ཁུལ་གྱི་འགྲོ་ལམ་ཀྱག་ཀྱོག་དང་འབྲོག་པའི་དུད་ཚང་དབར་བསྟན་པ་ཆོས་འཕེལ་གྱི་གཟུགས་བརྙན་རྟག་ཏུ་མཐོང་རྒྱུ་ཡོད།
ས་མཐོའི་འཕྲལ་སྡོམ་འཐབ་ས་དང་པོའི“ལས་དོན་པ་རྒན་གྲས”ཤིག་ཡིན་པའི་ཁོང་གིས་ལོ་ལྟར་རུ་སྣེ་ཁྲིད་དེ་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྐོར་ཞིབ་བྱེད་པར་སྐྱོད་ཀྱི་ཡོད། ཁ་བ་ཆེན་པོ་བབས་ནས་འགྲོ་ལམ་འགག་སྐབས་རྐང་ཐང་མར་ཉེན་གྱར་འབྲོག་པ་འཚོལ་སྐྱོབ་བྱེད་པར་བསྐྱོད་དེ“མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འཕྲལ་སྡོམ་མི་སྣ་མཐོང་རྒྱུ་ཡོད་པའི”རྣམ་པ་བརྟན་སྲུང་བྱས་ནས། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཁྱད་ཆོས་མངོན་པར་བྱེད་ཀྱི་ཡོད།
སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ”དེ་རྩ་བའི་གཞི་འཛིན་སར་བརྩིས་ནས། སྤྱོད་ཚུལ་འཛུགས་སྐྱོང་དེ་འཕྲལ་སྡོམ་དོ་དམ་དང་། བདེ་འཇགས་ཐོན་སྐྱེད། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་མཉམ་འདྲེས་བྱས་ཏེ། མི་དམངས་ཀྱི་དོན་དག་དངོས་རེ་རེ་དང་ཉེན་ཁའི་ཕྱོགས་སུ་སྐྱོད་ཐེངས་རེ་རེར་བརྟེན་ནས་ས་མཐོའི་མང་ཚོགས་ལ་བདེ་འཇགས་འགོག་སྲུང་གི་འཛིང་རགས་བརྟན་པོ་བསྐྲུན་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དངོས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།
སྤྱོད་ཚུལ་ནན་པོར་བརྟེན་ནས་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་པ།
“བདེ་འཇགས་ཐོན་སྐྱེད‘བྱས་དང་བྱེད་མུས’ཁོ་ན་ལས།‘མཚམས་འཇོག་སྒྲ་རྟགས’ཟེར་བ་མེད། ཡུལ་དངོས་སུ་ཐེངས་གཅིག་གིས་མང་བ་སྐྱོད་པ་དང་། མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཐེངས་གཅིག་གིས་མང་བ་བྱས་ཚེ་བདེ་འཇགས་འགན་ལེན་དེ་ཙམ་གྱིས་མང་བ་བྱེད་ཐུབ”ཅེས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་བདེ་འཇགས་ཐོན་སྐྱེད་རྨང་གཞི་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀུའོ་ཅན་ཝུའེ་ཡིས་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་སྐོར་གླེང་སྐབས་དེ་ལྟར་བརྗོད།
ལྟ་སྐུལ་དོ་དམ་གྱི་འཐབ་ས་དང་པོར་ལོ་21ལས་ལ་གཞོལ་བའི་ཁོང་གིས་ཐོག་མཐའ་བར་གསུམ་དུ་གོམ་སྟབས་ལ་བརྟེན་ནས་འགན་འཁྲིར་ཚད་འཇལ་བྱས་ཏེ། གཏེར་ཁུལ་ཁེ་ལས་ཆེ་གྲས་ནས་ས་ཁུལ་ཁག་གི་རྡོ་བསྔོག་ས་ཆུང་གྲས་བར་ཀུའོ་ཅན་ཝུའེ་དང་ཁོང་གི་ལས་གྲོགས་རྣམས་ལོ་ལྟར་འཐབ་ས་དང་པོར་རྒྱུན་ཆད་མེད་པར་བསྐྱོད་དེ། ཁོངས་གཏོགས་ཁུལ་གྱི་གཏེར་ཁ་སྣ་ཚོགས་ལ་ཞིབ་བཤེར་ཡོངས་ཁྱབ་བྱས་ནས་དངོས་སུ་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཁུག་ཆ་མེད་པ་དང་གྲིབ་ཆ་མེད་པ་བྱས་ཡོད།
ཉིང་ཁྲིར་འཕྲལ་སྡོམ་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སུ་ལོ་མང་ལས་ཀ་བྱེད་མྱོང་བའི་བདེ་ཆེན་ནི་ལས་གྲོགས་ཚོའི་མིག་ནང་གི“དོན་དངོས་སྒྲུབ་མཁན”ཞིག་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ“ནན་པོ་དང་། ཞིབ་ཚགས། ཏན་ཏིག”བཅས་བདེ་འཇགས་ཐོན་སྐྱེད་ལས་ཀའི་ལྷུ་ཚིགས་ཚང་མར་མཉམ་འདྲེས་བྱས་ཏེ། “སྒྲིག་ཁྲིམས་དམ་པོ་དང་། སེམས་པ་བཟང་པོ། ཐབས་ཤེས་ཡག་པོ”བཅས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཚད་གཞི་རྒྱུན་འཁྱོངས་ཀྱིས་ལས་ཀའི་ཁྲོད་དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་། ལྟ་སྐུལ་ནན་པོ་དང་དག་ཐེར་དངོས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་འཇགས་ལྟ་སྐུལ་དོ་དམ་དེ་གཞི་རིམ་གྱི“མཐའ་མའི་འགག་གནད”དུ་སླེབས་ཐུབ་པ་བྱས་ཡོད།
བོད་དུ་ཀུའོ་ཅན་ཝུའེ་དང་བདེ་ཆེན་འདྲ་བའི་འཕྲལ་སྡོམ་མི་སྣ་གྲངས་མེད་ཀྱིས་ལས་གནས་སུ་རྩ་བ་ཚུགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་བྱས་ནས་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་སྤུས་འབྲས་ལེགས་གཉེར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
མིག་སྔའི་བར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་པའི་གྲངས་འབོར་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ལོ་གཉིས་བསྟུད་མར“གཉིས་ཆག”བྱུང་བ་དང་། ལོ་10བསྟུད་མར་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་མེད་པར་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད།
འགན་འཁྲི་ནན་གྱིས་བསྒྲུབས་ནས་དམངས་འཚོའི་དཀའ་ངལ་བསལ་བ།
“མང་ཚོགས་ཀྱི་བདེ་སྡུག་གང་དུ་ཡོད་ན་ང་ཚོའི་གཡུལ་ས་དེ་གར་ཡོད”ཅེས་པ་དེ་ནི་བོད་ཀྱི་འཕྲལ་སྡོམ་མི་སྣས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་དམངས་འཚོའི་དགོས་མཁོར་ལན་སློག་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།
2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་གྱི་ཡོད།
“ང་ནི་ཏང་ཡོན་ཞིག་ཡིན་པས། འཕྲལ་སྒྲུབ་རུ་ཁག་ལ་ངེས་པར་དུ་ང་ཡོད་དགོས”དང“ང་རང་ན་སོ་གཞོན་ལ་ཤུགས་ཆེ་བས་ང་རང་འགྲོ་ཡི་ཡིན”ལ་སོགས་དཀའ་ཉེན་ཆེ་བའི་དུས་སུ་རོགས་སྐྱོབ་ལ་ཞུགས་རྒྱུའི་འདུན་ཞུ་བརྟན་པོ་རེ་རེ་ནི་ཤུགས་དང་ལྡན་ཞིང་། འཕྲལ་སྡོམ་རོགས་སྐྱོབ་མི་སྣ་གྲངས་མེད་ཀྱིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ནས་ཡོམ་འགོག་གེགས་སེལ་གྱི་འཛད་མཐའ་མེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད།
ས་ཡོམ་བརྒྱབ་རྗེས། བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་ལས་སྒྲུབ་ཉིང་ལག་རུ་ཁག་དོག་སྡེ་དཀྱིལ་ལམ་ས་ཚིགས་ཀྱི་ཀྲན་ཀྲང་ཚེ་དབང་དཔལ་ལྡན་གྱིས་རུ་སྣེ་ཁྲིད་དེ་མཚན་མོ་དེ་རང་ལ་རོགས་སྐྱོབ་བྱེད་པར་བསྐྱོད་ནས་ཞིག་རོའི་ཁྲོད་ཡོངས་བཤེར་རྣམ་པའི་འཚོལ་བཤེར་བྱས་པ་རེད། ཁོང་གི་སྣེ་ཁྲིད་འོག་རོགས་སྐྱོབ་རུ་ཆུང་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འཚོལ་སྐྱོབ་བྱས་པས། དགུ་རུམ་གྲོང་ཚོ་ནས་ཉེན་གྱར་བ་17བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་ཡོད།
ཡོམ་འགོག་གེགས་སེལ་གྱི་འཐབ་ས་ཁག་ཏུ་རོགས་སྐྱོབ་ཀྱི་རྣམ་པ་དེ་འདྲ་གང་སར་མཐོང་རྒྱུ་ཡོད་ཅིང་། གློ་བུར་དུ་བྱུང་བའི་ས་ཡོམ་གྱི་གནོད་འཚེ་དེའི་མདུན་དུ་རང་ལྗོངས་ཀྱི་འཕྲལ་སྡོམ་བཀོད་འདོམས་ཁོངས་གཏོགས་ཀྱིས་ནུས་ཆེའི་འཁོར་རྒྱུག་བྱས་ཏེ། འཕྲལ་མ་ཉིད་དུ་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱས་ཏེ། “རྩ་ཆེའི་རོགས་སྐྱོབ་ཆུ་ཚོད་72”དམ་འཛིན་གྱིས་ཉེན་གྱར་བ་407བདེ་བླག་ངང་བསྐྱབས་པ་དང་། སྟབས་བདེའི་ཁང་པ་20446འཕྲལ་མར་བརྒྱབ་པ། ས་ཡོམ་གནོད་འཚེའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་19.96བརྩོན་ལེན་བྱས་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་109དོན་འཁྱོལ་བྱས་པ་བཅས་རེད།
ལྟ་ཞིབ་ཚད་ལེན་མེ་ཟོན་ཁྲུའུ་ཡི་འགན་འཁུར་བ་ཡིན་པའི་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ལྟ་ཞིབ་ཚད་ལེན་མེ་ཟོན་ཁྲུའུ་ཡི་ལི་ཁུང་མིང་གིས་རྣམ་ཀུན་ལས་ཀ་བྱེད་སྐབས་ཐོག་མཐའ་བར་གསུམ་དུ“སྔོན་འགོག”གཙོ་བོར་འཛིན་ཞིང་། ཁོང་གིས་སྣེ་ཁྲིད་དེ“མི་ལ་བརྟེན་ནས་སྔོན་འགོག་+ལག་རྩལ་ལ་བརྟེན་ནས་སྔོན་འགོག”ཟུང་འབྲེལ་གྱི་ཕྱོགས་བསྡུས་འགོག་སྲུང་དྲ་བ་ཚགས་དམ་དུ་བཏང་སྟེ། ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུས་བར་སྣང་དུ་སྐོར་གཡེང་བྱེད་པ་དང་ནགས་ཁུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་སྤྱི་འདོམས་ཀྱིས་སྣེ་ཁྲིད་ནས་མེ་འགོག་མེ་གསོད་ལམ་ལུགས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་། གཞི་རིམ་ལས་བྱེད་པར་བརྒྱུད་ཁྲིད་ཀྱིས་འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་ནགས་ཁུལ་གཙོ་བོ་དང་འབྲེལ་བ་ཡོད་པའི་ས་ཁུལ(གྲོང་ཁྱེར)6དང་གཙོ་གནད་ནགས་ཚལ་ཡོད་པའི་རྫོང(གྲོང་ཁྱེར་དང་ཆུས)31གི་མེ་འགོག་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་རེད།
ལྷ་ས་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གཉིས་པའི་རུ་དཔོན་དབྱང་ཞིའུ་ཅུན་གྱིས་རྒྱུན་གཏན་སྦྱོང་བརྡར་ལ་བརྟེན་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འགོག་རགས་བརྟན་དུ་བཏང་ཞིང་། ཁོང་གིས་དཔུང་ཁག་གི་སྣེ་ཁྲིད་ནས“བྱེད་པོ་གཅིག་གིས་མང་འཇོན”གྱི་འགན་ཁུར་བ་སྟེ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ལ་གཞོལ་བའི་ཁར་ས་ཡོམ་དང་། ཆུ་ལོག གངས་ཆར་འཁྱགས་རོམ་སོགས་གནོད་འཚེ་སྣ་ཚོགས་ལའང་ཁ་གཏད་བཅག་ནས་རོགས་སྐྱོབ་བྱས་ཏེ་ཆུ་ཚོད་ཉེར་བཞིའི་རིང་བཀའ་འབྱོར་འཕྲལ་སྒྲུབ་ཀྱི་གྲ་སྒྲིག་བྱས་ཡོད། ཁོང་གིས་ད་དུང་རུ་སྣེ་ཁྲིད་དེ་དགོན་པ་དང་། སློབ་གྲྭ། སྡེ་ཁུལ་བཅས་སུ་བསྐྱོད་དེ་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་མེ་ཟོན་དྲིལ་བསྒྲགས་དང་འཕྲལ་སྡོམ་ནང་སྦྱོང་བྱས་ཤིང་། ཉེན་གཡོལ་གྱི་ཤེས་བྱ་དག་མང་ཚོགས་ལ་ཤེས་སུ་བཅུག་སྟེ་འབྱུང་རྩ་ནས་གནོད་འཚེའི་ཉེན་ཁ་ཆུང་དུ་བཏང་བ་རེད།
“རྟག་ཏུ་བློ་མི་བདེ་བའི”འགན་འཁྲི་འཁུར་སེམས་ནི་བོད་ཀྱི་འཕྲལ་སྡོམ་མི་སྣའི་ལས་ཀའི་རྒྱུན་རྣམ་ཞིག་རེད། ཁོང་ཚོས་ཁྱད་དུ་འཕགས་པའི་ཆེད་ལས་ཀྱི་བྱང་ཚད་དང་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་དུས་བདེ་ལྷིང་འཇགས་སྲུང་སྐྱོང་བྱེད་བཞིན་ཡོད།
ལམ་སྲོལ་དངོས་ལ་བརྟེན་ནས་འཕྲལ་སྡོམ་ཕན་འབྲས་བརྟན་དུ་བཏང་བ།
2024ལོའི་ཟླ་7པར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཤང་དུ་གློ་བུར་མཐོང་དཀོན་པའི་དྲག་ཆར་ཆེན་པོ་ཞིག་བབས་ཏེ་གྲོང་ཚོ་5ལ་འདམ་རྡོའི་ཆུ་རུད་ཆེན་པོ་ཐོན་ནས་ཁང་པ་དང་། ས་ཞིང་། སྤྱི་པའི་སྒྲིག་བཀོད་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། འོན་ཀྱང་དགའ་འོས་པ་ཞིག་ལ་ཤང་དེ་ཡོངས་ཀྱི་དུད་ཁྱིམ་106གི་མང་ཚོགས་641གི་ཁྲོད་མི་ཕྱུགས་གཅིག་ལའང་གནོད་འཚེ་ཕོག་མེད་པ་དང་། གནོད་འཚེ་ཚབས་ཆེན་ཕོག་པའི་གདོང་དཀར་གྲོང་ཚོའི་དུད་ཁྱིམ་33གྱི་མི་284ཚང་མ་བདེ་འཇགས་ངང་གནས་སྤོས་བྱས་ཤིང་། དེ་ནི་སྙེ་མོ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁའེ་དང་ལས་རོགས་རྣམས་ཀྱི་ཆུ་མ་ཤོར་གོང་གི་རགས་རྒྱག་པའི་བློ་གྲོས་དང་། གཟབ་ནན་ཞིབ་ཚགས་ཀྱི་སྤྱོད་ཚུལ། ཕན་ཆེ་ནུས་ལྡན་གྱི་སྒྲིག་འཛུགས་བཅས་ལས་བྱུང་བ་ཞིག་རེད།
སྔོན་འགོག་དང་དོགས་ཟོན་གྱི་ལས་ཀར་རྩེ་གཅིག་ཏུ་འབད་ཅིང་། འབྲུབ་ཆུ་མ་རྒྱས་གོང་ནས་ལི་ཁའེ་ཡིས་སྣེ་ཁྲིད་དེ་ཆར་པ་དང་འབྲུབ་ཆུ་རྒྱས་ཚུལ་གྱི་ས་གཤིས་གནོད་འཚེའི་ཉེན་ཁའི་སྐོར་གྱི་གྲོས་མོལ་བརྡར་གཅོད་ལམ་སྲོལ་བཟོས་ཏེ། རྫོང་དང་། ཤང་། གྲོང་ཚོ། ཚོགས་ཆུང་། ས་ཚིགས་བཅས་རིམ་ལྔའི་ཇུས་འདོན་མཉམ་ཟོན་གྱི་དྲ་རྒྱའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། དེ་གའི་རྨང་གཞིའི་ཐོག་ཁོང་གིས་རུ་སྣེ་ཁྲིད་ནས་མངོན་མེད་རྐྱེན་ངན་ལེབ་བཤེར་བྱས་ཤིང་། མཚོན་རྟགས་བསྒར་བ་དང་སྔོན་ཇུས་གཏན་འཁེལ་གྱིས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱས་པ་རེད།
དྲག་ཆར་འབབ་རྒྱུ་ཡིན་པའི་སྔོན་བརྡ་འབྱོར་སྐབས། ལི་ཁའེ་ཡིས་འཕྲལ་མར་དང་ལེན་ཞུས་ཏེ་སྔོན་བརྡའི་ཆ་འཕྲིན་དག་དུད་ཚང་མང་པོར་བསྐྱལ་བ་དང་། ཆར་པ་ཆེ་རུ་སོང་རྗེས་ཁོང་གིས་བློ་ཐག་ཆོད་པོས་ཉེན་གཡོལ་གནས་སྤོས་ཀྱི་སྔོན་ཇུས་ལག་བསྟར་བྱས་ཏེ“མི་གཅིག་ཁྱིམ་གཅིག་མི་ལུས་པ”མཐའ་འཁྱོངས་བྱས་ཡོད། དུས་འགོར་ནང་སྦྱོང་བྱས་པའི་ཉམས་མྱོང་ལ་བརྟེན་ནས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་གཏན་འཁེལ་ཇུས་གཞི་ལྟར་མང་ཚོགས་གོ་རིམ་ལྡན་པའི་ངང་ཁ་འགྲེམས་བྱས་པས་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་རེད།
ལི་ཁའེ་ཡི་དངོས་འཐབ་ཕན་འབྲས་ནི་རང་ལྗོངས་ཀྱི་ལམ་ལུགས་འཛུགས་སྐྱོང་ལས་འཕྲལ་སྡོམ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་གེགས་འགོག་གེགས་སེལ་གྱི་ལས་དོན་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
ད་ཆ་བོད་ལྗོངས་འཕྲལ་སྡོམ་དོ་དམ་ཁྱབ་ཁོངས་ཀྱི་བདེ་འཇགས་ཁྲིམས་སྒྱུར་གྱི“གདུང་བཞི་ཀ་བརྒྱད”གཞི་རྩའི་ཆར་གྲུབ་ཅིང་། གོང་ནས་འོག་བར་གྱི་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་དེ་ཏན་ཏིག་གི་ལམ་ལུགས་བྱེད་ཐབས་རེ་རེ་དང་གསོན་ཉམས་དོད་པའི་གཞི་རིམ་གྱི་ལག་ལེན་རེ་རེ་བརྒྱུད་གངས་ལྗོངས་ས་མཐོའི་དུས་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་སྲུང་བརྟན་པོར་མུ་མཐུད་བསྒྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།