དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-02-28

    ལས་སྒྲུབ་ལས་གཏོད་བྱེད་པར་སྲིད་དོན་ལས་རྗེས་ལྟ་བ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡོད།

    ཉེ་ཆར། 《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གཟིགས་རྒྱང་རིང་ལ། ནང་དོན་ཕུན་སུམ་ཚོགས་པ་དང་། དགོངས་པ་གཏིང་ཟབ་པོ་ཡོད་ལ། ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་ཐེངས་མང་ནང་ཆེད་མངགས་ནན་བཤད་གནང་སྟེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་ཡང་མཁོ་འདོན་གནང་ཡོད།

    ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་བ་དེ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། ཟླ་2ཚེས་24ཉིན་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་དང་འབྲེལ་བ་ཡོད”ཅེས་ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཡོང་བའི་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་བསྟར་དང་ཏང་གི་སྲིད་སྐྱོང་གི་རྩ་བའི་རྨང་གཞི་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་བཅས་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་དབུ་བརྙེས་པ་དང་མི་དམངས་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་ཆེན་ཞིག་ཏུ་བརྩིས་ཏེ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མི་སྐྲག་པར་མུ་མཐུད་འབད་འཐབ་བྱས་པས། དབུལ་ཞིང་ཉམ་ཐག་པའི་རྒྱལ་ཁབ་རིམ་བཞིན་ཡར་ལངས་པ་དང་ཕྱུག་པོ་དང་སྟོབས་ཆེན་ཆགས་པར་སྐུལ་འདེད་གང་ལེགས་བཏང་ཡོད། ད་ཆ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ལ། ང་ཚོར་འཕྲད་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཀྱང་དེ་བས་རྙོག་འཛིང་ཆེ་བ་ཞིག་ཡོད། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་དང་འགྲན་སློང་ཇི་ཙམ་མང་བའི་སྐབས་སུ་དེ་ཙམ་གྱིས་ཏང་གི་ཐོག་མའི་བསམ་འདུན་རྩ་བར་འཛིན་པ་དང་ཏང་གི་ལས་འགན་སྲོག་རྩར་བརྩིས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་ངང་དེང་རབས་ཅན་འཛུགས་སྐྲུན་བྱེད་པ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་རྩོམ་པ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ལ་ཕུལ་བྱུང་གི་རྒྱུགས་ལན་གསར་པ་འབུལ་དགོས།

    སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་གལ་འགངས་ཆེ་ཤོས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་དང་རྗེས་སྙེག་ངང་སློབ་སྦྱོང་། བསམ་ཞིབ་གཏིང་ཟབ་བྱས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་ཞིག་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས།

    “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་བྱེད་པར་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། དེའི་ལྟེ་བའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ཁ་ཕྱོགས་སུ་བརྩི་བ་བཅས་བྱས་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློས་འགེལ་ཤོས་དང་། གཏིང་ཟབ་ཤོས། རྒྱུན་རིང་ཤོས་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ལྡན་ཐུབ། དངོས་ཐོག་བདེན་འཚོལ་ནི་ཏང་གི“སྲོག་རྩ”ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དོན་དངོས་དང་བསྟུན་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དངོས་སྒྲུབ་དཀའ་སྤྱད་བཅས་བྱས་ཚེ་གཞི་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་དང་། མི་དམངས་ལ་བདེ་སྐྱིད་དངོས་འབྲེལ་སྐྲུན་ཐུབ་པ། མང་ཚོགས་ཀྱིས་ཁས་ལེན་ཐུབ་པ་བཅས་ཀྱི་ལས་རྗེས་གཏོད་ཐུབ།

    སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བསྡུས་དངོས་གཉེར་མཐའ་འཁྱོངས་བྱས་ཏེ་ཁག་ཐེངས་དང་དུས་མཚམས་མི་དབྱེ་བར་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། དག་ཐེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ། ཡོངས་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་དགོས། སྦྱོང་བཤེར་བཅོས་ལ་སྐུལ་འདེད་གཞི་གཅིག་ཏུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། སྲིད་དོན་ལས་རྗེས་ལྟ་བའི་ཐད་གནས་པའི་གནད་དོན་འཚོལ་བཤེར་གཏིང་ཟབ་བཅས་བྱས་ཏེ་ཏང་གཤིས་ཀྱི་ཐོག་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་བཤེར་བ། བློ་སྦྱོང་ཟབ་གཏོང་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ཏེ་དག་ཐེར་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། “མིག་སྔར་དག་ཐེར”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་དང་ལམ་སྲོལ་ཁྲོད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་བཙལ་འཚོལ་གཏིང་ཟབ་བྱས་ཏེ་མེད་པར་བཟོ་དགོས་རིགས་མེད་པར་བཟོ་བ་དང་བཟོ་བཅོས་རྒྱག་དགོས་རིགས་ལ་བཟོ་བཅོས་རྒྱག་དགོས། ཡོངས་བསྒྲགས་སློབ་གསོ་མཐའ་འཁྱོངས་བྱས་ནས་གནད་དོན་བཤེར་འདོན་བྱེད་སྐབས་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དག་ཐེར་བཅོས་སྒྲིག་བྱེད་སྐབས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཕན་འབྲས་ལ་ཞིབ་དཔྱད་བྱེད་སྐབས་མང་ཚོགས་ཀྱི་ཤན་འབྱེད་དང་ལེན་བཅས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱེད་དགོས།

    ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་ལོ་རེད། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དེ་བས་བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་གཞི་རིམ་བཞིན་མངོན་འགྱུར་བྱེད་དགོས།

    (《མི་དམངས་ཉིན་རེའི་ཚགས་པར》གྱི་2026ལོའི་ཟླ་2ཚེས་25ཉིན་གྱི་པར་ངོས་དང་པོ་ནས་བཏུས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།