“བརྟན་ལྷིང་སྐྱོན་བྲལ་དང་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བའི་ཀྲུང་གོའི་དཔལ་འབྱོར་ལ་རེ་ལྟོས་བྱེད་རིན་འདུག”
—— ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་དཔྱིད་གསར་དུས་ཆེན་རིང་གི་དཔལ་འབྱོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།
དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་རྒྱུན་མུ་མཐུད་མང་པོ་ཡོད་པ་དང་། རིག་གནས་ཡུལ་སྐོར་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་པ། འཛད་སྤྱོད་བྱེད་སྟངས་གསར་པའི་བཀྲག་མདངས་འཚེར་ས་མང་བ། “ཕྱིར་འཐོར་ནུས་འབྲས”རྒྱུན་ཆད་མེད་པར་མངོན་པ་སོགས“ལོ་རྒྱུས་ཐོག་གི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཤོས”ལས་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་མགྱོགས་མྱུར་འཕེལ་བར་སྐུལ་ཁྲིད་ཐུབ་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་རྒྱལ་སྤྱིའི་མི་སྣ་མི་ཉུང་བ་ཞིག་གིས། ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་དཔལ་འབྱོར་འཁྲུག་པོ་ཡོད་པ་དེ་ཐོག་ནས་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་སྙུགས་ཤེད་དང་གཏིང་ཤུགས་དང་། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མངོན་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་ཡིད་ཆེས་བརྟན་དུ་སོང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་ཁྲིད་དེ་བས་ཀྱང་ཐུབ་ཡོད་པའི་ངོས་འཛིན་བྱས་པ་རེད།
“‘གུང་གསེང་གི་ཁེ་སྤོགས’ལ་བརྟེན་ནས‘འཛད་སྤྱོད་ཀྱི་སྒུལ་ཤུགས’འཕེལ་བར་བྱེད་པའི་དཔལ་འབྱོར་གྱི་སྙུགས་ཤེད་གང་ལེགས་མངོན་འདུག”
ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཀྲུང་གོའི་འཛད་སྤྱོད་ཁྲོམ་རར་མཁོ་སྤྲོད་གཉིས་འཕེལ་གྱི་རྣམ་པ་ཞིག་མངོན་ནས་རིག་གནས་ཡུལ་སྐོར་དང་། སིལ་འཚོང་། གློག་བརྙན་སོགས་ཀྱི་ཁྱབ་ཁོངས་སུ་འཛད་སྤྱོད་བྱེད་མཁན་མང་པོ་བྱུང་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། སི་ཁྲོན་ཞིང་ཆེན་ཡོངས་སུ་ལྟ་ཞིབ་ཚད་ལེན་བྱས་པའི་སིལ་འཚོང་ཁེ་ལས་411གི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་27.8ཟིན་ནས་དུས་མཚུངས་ལས་10.9%འཕར་བ་དང་། འཛད་སྤྱོད་བྱེད་སྟངས་གསར་པ་120ཡིས་འགྲུལ་པ་མི་ཐེངས་ཁྲི་5600ལྷག་གི་ཡིད་དབང་བཀུག་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་46ལྷག་ཟིན་ཡོད།
“དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཀྲུང་གོའི་སྲོལ་རྒྱུན་གྱི་འཁྲབ་སྟོན་དང་། ཚོང་འདུས། འགྲེམས་སྟོན། ཡུལ་སྐོར་རྣམ་གྲངས་སོགས་ལ་ཞུགས་མཁན་ཧ་ཅང་མང་དུ་ཕྱིན་འདུག” ཆི་ལིའི་མཉམ་ལས་ཁང་རླུང་འཕྲིན་ལས་ཁུངས་ཀྱིས། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཀྲུང་གོའི་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣ་ཕྱོགས་ལ་ཐོན་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་95ཟིན་རྒྱུ་དང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་5.4དང་ཁྲི་9500སོ་སོར་ཟིན་རྒྱུ། “‘གུང་གསེང་གི་ཁེ་སྤོགས’ལ་བརྟེན་ནས‘འཛད་སྤྱོད་ཀྱི་སྒུལ་ཤུགས’འཕེལ་བར་བྱེད་པའི་དཔལ་འབྱོར་གྱི་སྙུགས་ཤེད་གང་ལེགས་མངོན་རྒྱུ་རེད”ཅེས་བརྗོད་པ་རེད།
སི་ཕེན་གྱི་ཀྲུང་ཧྭ་ཤེས་རྟོགས་སློབ་ཚན་གྱི་ལག་བསྟར་ཀྲུའུ་ཞི་མར་ཐཱ·མོང་ཐེ་ལུའོ་ཡིས། དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་མི་རྩ་བར་འཛིན་པའི་སྤྱི་པའི་སྲིད་ཇུས་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། དམངས་ཡོངས་ཀྱི་གུང་གསེང་འདི་ལས་ཀྲུང་གོས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། ནང་མཁོ་འཕེལ་བར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དམིགས་ཚད་དུ་བྱས་པའི་འཐབ་ཇུས་མཚོན་ཡོད་པའི་ངོས་འཛིན་བྱས་པ་རེད།
“དཔྱིད་གསར་དུས་ཆེན་རིང་གི་དཔལ་འབྱོར་གྱི‘ཕྱིར་འཐོར་ནུས་འབྲས’དེ་འཕེལ་རྒྱས་ཀྱི་ཁེ་སྤོགས་ངོ་མར་བསྒྱུར་འདུག”
འཛད་སྤྱོད་འཁྲུག་པོ་ལས་ཐོན་པའི“ཕྱིར་འཐོར་ནུས་འབྲས”ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་བཏང་བའི་ཁེ་སྤོགས་ཀྱིས་འཛམ་གླིང་ལ་ཕན་བཏགས་ཡོད།
རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་1779.6ལ་ལྟ་བཤེར་བྱས་པ་དང་། ཉིན་རེར་མི་ཐེངས་ཁྲི་197.7ཟིན་པ་དེ་ན་ནིང་གི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ལས་ཉིན་རེར་ཆ་སྙོམས་10.1%འཕར་ཡོད། སྤ་སེ་ཕྱིར་ཚོང་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བའི་གནམ་གྲུའི་སྤ་སེ་མངགས་ཉོ་བྱེད་ཚད་དུས་མཚུངས་ལས་ལྡབ་4འཕར་ཡོད།
“དཔྱིད་གསར་དུས་ཆེན་རིང་དཔལ་འབྱོར་གྱི‘ཕྱིར་འཐོར་ནུས་འབྲས’དེ་འཕེལ་རྒྱས་ཀྱི་ཁེ་སྤོགས་ངོ་མར་བསྒྱུར་འདུག” ཐེ་ལན་གྱི“རྒྱུད་གཅིག་ལམ་གཅིག”དཔལ་འབྱོར་དང་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཐང་ལུང་ཀུང·ཝུའུ་སེན་ཐི་ལན་ཀུའུ་ཡིས། ཀྲུང་གོའི་ཡུལ་སྐོར་བ་དཔྱིད་གསར་དུས་ཆེན་རིང་ཐེ་ལེན་དུ་ཡུལ་སྐོར་ལ་ཡོང་བ་ལས་པང་ཁོག་དང་། ཕུའུ་ཅི། ཆིང་མའེ་སོགས་ས་ཁུལ་གྱི་མགྲོན་ཁང་དང་། བཟའ་བཏུང་། སིལ་འཚོང་བཅས་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་མངོན་གསལ་དོད་པོས་འཕར་བར་སྐུལ་འདེད་ཐེབས་ཡོད་ཅེས་བརྗོད་པ་རེད། ཐེ་ལན་གྱི་ཚོང་ར་མི་ཉུང་བ་ཞིག་ཏུ་སྔོན་ཚུད་ནས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་མཛེས་རྒྱན་སྤྲས་ཏེ། ཀྲུང་གོའི་དཔྱིད་གསར་དུས་ཆེན་དེ་ལོ་འཁོར་གྱི་ཚོང་གཉེར་འཆར་གཞིའི་ནང་བཅུག་ཡོད་པ་རེད།
“དཔྱིད་གསར་དུས་ཆེན་རིང་དཔལ་འབྱོར་ཐད‘འགོ་ཚུགས་བཀྲ་ཤིས’བྱུང་ནས་ཀྲུང་གོའི་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་བཏིང་འདུག”
“དཔྱིད་གསར་དུས་ཆེན་ནི་རིག་གནས་ཀྱི་གཞི་རྟེན་ཞིག་ཡིན་ལ། དཔལ་འབྱོར་འཁོར་སྐྱོད་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན” ཧྥ་རན་སེའི་དར་ལམ་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཨེར་ཝུའེ·ཨཱ་ཙུའུ་ལའེ་ཡིས། དུས་ཆེན་གྱི་འཛད་སྤྱོད་ལས་ཁྲོམ་རའི་གསོན་ཤུགས་དང་གྲོང་མིའི་ཡིད་ཆེས་ཐད་ཀར་མཚོན་ནས་ཀྲུང་གོའི་དཔལ་འབྱོར་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
“དཔྱིད་གསར་དུས་ཆེན་རིང་དཔལ་འབྱོར་ཐད‘འགོ་ཚུགས་བཀྲ་ཤིས’བྱུང་ནས་ཀྲུང་གོའི་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་བཏིང་འདུག” ཁེན་ནི་ཡ་ཨ་ཧྥེ་རི་ཁའི་སྲིད་ཇུས་ཞིབ་འཇུག་སུའོ་ཀྲུང་ཧྥེ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཏན་ཉི་སི·མུའུ་ནེ་ནེ་ཡིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞིར་རྒྱུན་མཐུད་རེ་ལྟོས་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ནི། ཀྲུང་གོས་ཡུན་རིང་གསོག་འཇོག་བྱས་ནས་གྲུབ་པའི་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་ལེགས་ཆ་སྟེ། འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་དང་། འཕེལ་ཤུགས་ཆེ་བའི་མཁོ་སྤྲོད་ནུས་པ། རྒྱ་ཆེ་བའི་ནང་མཁོའི་བར་མཐོངས་བཅས་ཀྱིས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་འདེགས་སྐྱོར་བརྟན་པོ་བྱེད་པ་དང་། གནད་སྨིན་འཐུས་ཚང་གི་སྙོམས་སྒྲིག་མ་ལག་དང་སྲིད་ཇུས་ཀྱི་ལག་ཆ་འདང་ངེས་ཀྱིས་དུས་འཁོར་རང་བཞིན་གྱི་འཕར་ཆག་ལ་ཁ་གཏད་དེ་བས་ནུས་ལྡན་འཇལ་ཐུབ་པས་རེད་ཅེས་བརྗོད།
ཕ་ཁི་སི་ཐན་ཨཱ་སི་ཁཱ་ལི་དངུལ་ཁང་གི་ཧང་ཀྲང་ཆི་ཡཱ·དབྱི་ཅཱ་ཙེས“ད་ལོ་ནི་ཀྲུང་གོའི‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ལོ་ཡིན། དཔྱིད་གསར་དུས་ཆེན་གྱི་དཔལ་འབྱོར་འཁྲུག་པོ་བྱུང་བ་ལས་ཀྲུང་གོའི་དཔལ་འབྱོར་གྱི་རྫོགས་མཐའ་མེད་པའི་གསོན་ཤུགས་མངོན་པ་མ་ཟད། ཀྲུང་གོའི་མི་དམངས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་ལ་ཡིད་ཆེས་ཆེན་པོ་བྱེད་པའང་མངོན་གྱི་ཡོད། ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བསྣན་པས། བརྟན་ལྷིང་སྐྱོན་བྲལ་དང་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བའི་ཀྲུང་གོའི་དཔལ་འབྱོར་ལ་རེ་ལྟོས་བྱེད་རིན་འདུག”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།