2025ལོར་ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཐད་སྤུས་འབྲས་ལེགས་གཉེར་བྱུང་བ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་འཕེལ་རྒྱས་ཐད་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1567.8དང་འཕར་ཐང་སྒོར་དུང་ཕྱུར་653.5ཟིན་ནས་འཕར་ཚད་8.7%དང་10.3%སོ་སོར་ཟིན་ཡོད། གེགས་རྗེས་བསྐྱར་སྐྲུན་དང་། དམངས་འཚོ་འགན་ལེན། སྒྱུར་བཅོས་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་དམངས་འཚོའི་བདེ་རྩ་མཉམ་དུ་འཕར་ཡོད།
དམངས་འཚོ་འགན་ལེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཆ་ཚང་ཁྲི་1.79ལག་བསྟར་བྱས་པ་དང་། སྡོད་ཁང་གི་ཁང་གླའི་ཁ་གསབ་སྤྲད་པ་དེས་དུད་ཚང་3670ལ་ཕན་པ་ཐོབ་པ། སྐབས་བསྟུན་གསར་སྣོན་བྱས་པའི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་6101སྒྱུར་བཀོད་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་70སྒྱུར་བཀོད་བྱས་ནས་མི་ཁྲི་6ལྷག་ཙམ་གྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད། བོད་ཀྱི“ཁང་པ་ཡག་པོའི”འཛུགས་སྐྲུན་ཚད་གཞི་ཐོག་མར་བཏོན་པ་དང་། ས་མཐོའི་གནམ་གཤིས་ཀྱི་ཆ་རྐྱེན་དང་མཐུན་པའི《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་ཡག་པོའི་ལག་རྩལ་ཚད་གཞི》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ། ལག་རྩལ་གྱི་བྱ་ཐབས་ཁག་174བཏོན་པ། རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཐད་དུས་ཡུན་རིང་པོའི་ནང་ལྷོ་ནུབ་ཀྱི་ཇུས་འགོད་ཚད་གཞི་མུ་མཐུད་སྤྱོད་པའི་རྣམ་པ་ལས་ཚད་བརྒལ་བྱུང་ཡོད།
གྲོང་ཁྱེར་གསར་སྒྱུར་དང་ལོ་རྒྱུས་རིག་གནས་སྲུང་སྐྱོང་མཉམ་དུ་འཕེལ་རྒྱས་བཏང་བ་སྟེ། གྲོང་ཁྱེར་གྱི་གཞུང་ལམ་ལམ་ཚད་སྤྱི་ལེ་15གསར་འཕར་དང་སྤྱི་ལེ་32སྒྱུར་བཀོད་བྱས་ཤིང་། ཆུ་འབུད་ལྕགས་མདོང་སྤྱི་ལེ་45.7གསར་འཕར་དང་སྤྱི་ལེ་68.2སྒྱུར་བཀོད་བྱས་པ། ཉིན་རེར་གད་སྙིགས་གཙང་སེལ་བྱེད་ནུས་ཏུན་350དང་བཙོག་ཆུ་ཉིན་རེར་གཙང་གསིང་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་18.72གསར་དུ་འཕར་བ། ལྷ་སར་འཚོ་བའི་གད་སྙིགས་ས་སྦས་གཅིག་ཀྱང་བཏང་མེད་པ་ཐོག་མར་མངོན་འགྱུར་བྱུང་ཡོད། ལྷ་སའི་གནའ་གྲོང་སྲུང་སྐྱོབ་བྱ་ཐབས་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་ཉམས་མྱོང་དུ་བདམས་ནས། རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གི་གསོན་ཉམས་འཕེལ་བ་དང་བེད་སྤྱོད་ཡག་པོ་ཐུབ་རྒྱུར་ས་མཐོའི་ལག་ལེན་གྱི་མ་དཔེ་མཁོ་འདོན་ཐུབ་ཡོད།
དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཐད“ལོ་དེ་རང་ལ་བསྐྱར་སྐྲུན་དང་ལོ་དེ་རང་ལ་སྡོད་ཐུབ་པ”མངོན་འགྱུར་བྱུང་བ་སྟེ། 2025ལོར་གཞིས་རྩེའི་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་འཕྲལ་མར་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། རིམ་ཁག་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་དོ་དམ་སྡེ་ཚན། ཞིབ་དཔྱད་ལས་ཁུངས་46 ཀྲུང་དབྱང་དང་གཞུང་ཁོངས་ཁེ་ལས་ཀྱི་འཛུགས་སྐྲུན་ཨར་ལས་ཚན་པ་74བཅས་སྐུལ་སློང་བྱས་པ་དང་། ལས་བྱེད་ལས་བཟོ་དང་ཆེད་ལས་མི་སྣ་640འཐབ་ཕྱོགས་དང་པོར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་པ་རེད། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་20ཡི་ནང་འཕྲལ་སྡོམ་དང་གནོད་འཚེའི་གྱོང་གུན་ཚོད་སྐོར་ལེགས་གྲུབ་བྱུང་བ་དང་། ཉིན་30ཡི་ནང་གྲོང་མིའི་སྡོད་ཁང་བསྐྱར་སྐྲུན་འཆར་འགོད་ཀྱི་ས་ཆ་འདེམས་པའི་ཇུས་འགོད་ལེགས་གྲུབ་བྱུང་བ། ཉིན་100ཡི་ནང་བསྐྱར་སྐྲུན་གྱི་དུས་མཚམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ཉིན་295ཡི་ནང་བསྐྱར་སྐྲུན་བྱས་པའི་གྲོང་མིའི་སྡོད་ཁང་རྩིས་སྤྲོད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།