སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་རྒྱས་ཁ་ཡུལ་གྲོང་ཚོ།
གངས་རིའི་འདབས་ཀྱི“མངོན་མིན་རིག་གནས་ཤུལ་བཞག”གི་བོད་རིགས་གྲོང་སྡེ།

རྒྱལ་རོང་བོད་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་འཚེམ་དྲུབ་ཀྱི་རྒྱུན་འཛིན་པ་རྡོ་རྗེ་དབང་མོས(གཡོན)འཚེམ་དྲུབ་རྒྱག་བཞིན་པ།

རྒྱས་ཁ་ཡུལ་གྲོང་ཚོའི་བོད་རིགས་ཀྱི་མཁར་སྤེའུ་རྣམ་པ།

སི་ཁྲོན་རོང་བྲག་རྫོང་གི་གཟབ་མཆོར་སྤྲས་པའི་བོད་རིགས་བུ་མོ་ཁ་ཤས་ལི་ཤིང་མེ་ཏོག་དུས་ཆེན་ལ་ཞུགས་པ།
སྐྱེ་ཁམས་བཟང་ལ་མཁར་སྤེའུ་བཟོ་བཀོད་ལེགས་པ།
ཞོགས་པར། རྒྱས་ཁ་ཡུལ་གྲོང་ཚོའི་ལྗོངས་གཟིགས་སྒང་དུ་ཡུལ་སྐོར་བས་གཅིག་རྗེས་གཉིས་མཐུད་དུ་ལག་ཐོགས་ཁ་པར་ནས་པར་རྒྱག་བཞིན་ཡོད་པ་དང་། སྲོལ་རྒྱུན་གྱི་བོད་རིགས་གྲོང་སྡེ་སྐར་ཚོགས་བཀྲམ་པ་ལྟར་གངས་རིའི་གཤམ་གྱི་ནགས་གསེབ་ཏུ་གནས་པ་དེ་ནི་རྣམ་པར་བཀྲ་བའི་ཚོན་ཅན་རི་མོ་ཞིག་ལྟར་སྣང་།
སྨི་1700ནས་སྨི་5000བར། རྒྱས་ཁ་ཡུལ་གྲོང་ཚོའི་ས་བབ་སྐས་རིམ་བཞིན་ཆགས་པས་རང་བྱུང་ཁམས་ཆེན་པོས་ངོ་མཚར་ཆེ་བའི་པིར་སྨྱུག་ལ་བརྟེན་ནས་ལྷ་ཡུལ་ཞིག་བྲིས་པ་ལྟར་སྣང་། “ང་ཚོ་འཕྲེད་རྒྱུག་རི་རྒྱུད་དང་མཚོ་བོད་ས་མཐོའི་བར་བརྒལ་ཁུལ་དུ་གནས་ཤིང་། འཛམ་གླིང་གི་རང་བྱུང་ཤུལ་བཞག‘དོམ་ཁྲའི་འཚོ་གནས་ཁུལ’དང་འབྲེལ་ཡོད། རྒྱ་ཁྱོན་ཆེན་པོ་མེད་ཀྱང་གླ་བ་དང་། སྤྲེའུ། སེང་གེ་ཤིང་སོགས་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ཡོད། སྐྱེ་ཁམས་བཟང་པོ་ནི་གྲོང་ཚོའི་མིང་བྱང་ལྷན་སྦྱར་ཞིག་རེད”ཅེས་རྒྱས་ཁ་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་གིས་བཤད།
རྒྱས་ཁ་ཡུལ་གྲོང་ཚོ་ནི་གསོན་ཉམས་དོད་པའི“སྐྱེ་ཁམས་འཛུགས་སྐྱོང་གི་བསླབ་གཞི”ཞིག་ཡིན་ཞིང་། གཡམ་བག་དང་འདམ་སེར་གྱི་རྩིག་པ་དང་རི་མདོག་གཞི་གཅིག་ཏུ་འདྲེས་ནས་ཁྱིམ་གཞིས་དེ་དག་རི་ཐང་ལ་རང་བཞིན་དུ་ཆགས། རི་གསེབ་ཏུ་གནའ་བོའི་མཁར་སྤེའུ་དེ་དག་གཏོར་གཟུགས་མཆོད་རྟེན་དང་འདྲ་བར་རྩིག་རྨང་ཞེང་ཆེ་ཞིང་རྩེ་མོ་གུ་དོག་པོ་ཡོད།
“རྒྱུ་ཆར་གཞིགས་ནས་མཐོ་མཁར་ལ་རྡོ་མཁར་དང་། ས་མཁར། ས་རྡོའི་མཁར་བཅས་ཕྱེ་བ་དང་། དབྱིབས་ལ་གཞིགས་ནས་ཟུར་བཞིའི་མཁར་དང་། ཟུར་ལྔའི་མཁར། ཟུར་བརྒྱད་མཁར། ཟུར་བཅུ་གསུམ་གྱི་མཁར་བཅས་ཕྱེ་ཆོག” བོད་རིགས་ཀྱི་མཁར་སྤེའུ་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་འཆི་མེད་དཔལ་ལྡན་གྱིས་གྲོང་སྡེར་ཁ་ཐོར་དུ་གནས་པའི་མཁར་སྤེའུ་རེ་རེ་ནི་རྒྱལ་རོང་བོད་རིགས་ཀྱི་རྡོ་རྩིག་ལག་ཤེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
མཁར་སྤེའུ་སྐྲུན་སྐབས། རྡོ་བཟོ་བ་རྣམས་ཀྱིས་ས་གནས་དེ་རང་ནས་རྒྱུ་ཆ་བླངས་ཏེ་རྡོ་འདེམས་པ་དང་། གཤག་པ། བརྡར་བ་བཅས་བྱས་རྗེས། “སྣོལ་སྲུབས་རྩིག་ཐབས”སྤྱད་དེ་རྡོ་བརྩིགས་ནས་མཁར་མཐོན་པོ་རྒྱག་གི་ཡོད། རྡོ་ལེབ་བར་དུ་འདམ་སེར་པོ་བརྒྱབ་ནས་འགག་རྩའི་གནས་སུ“གཙང་རྡོ”རྒྱག་གི་ཡོད་པས། མཁར་སྤེའུ་ཧ་ཅང་སྲ་ཞིང་བརྟན་པ་དང་ཡོམ་འགོག་དང་དྲོད་སྲུང་ཐུབ་པ་མ་ཟད། ལོ་ངོ་སྟོང་གི་ཆར་རླུང་བརྒྱུད་ཀྱང་འགྱེལ་གྱི་མེད།
རྡོ་གཤག་པའི་སྒྲ་དང་བསྟུན་ནས་སྒོ་རར་འཛུལ་སྐབས། དགུན་ཁའི་དྲོ་སྐྱིད་ཉི་ཟེར་འོག་ལོ་76ལ་སླེབས་པའི་འཆི་མེད་དཔལ་ལྡན་གྱིས་བློ་རྩེ་གཅིག་ཏུ་སྒྲིམ་ནས་རྩིག་རྡོ་གཤག་བཞིན་ཡོད། རྡོ་བཟོ་བྱས་ནས་ལོ་50ལྷག་ཙམ་སོང་རིང་ཁོང་གི་ལག་ཏུ་ཐོ་བ་གཅིག་དང་གླང་གི་གཡབ་རུས་སམ་ཤིང་ལེབ་ཀྱིས་བཟོས་པའི་འདམ་པང་གཅིག་ཁོ་ནར་བརྟེན་ནས། རྡོ་དང་ས་མྱགས་ཀྱིས་སྲ་ཞིང་བརྟན་པའི་མཁར་སྤེའུ་རེ་རེ་བསྐྲུན་ཡོད།
“རོང་བྲག་ལ་ད་ལྟ་མཁར་སྤེའུ་500ལྷག་ཙམ་ཡོད་པ་དང་། མཐོ་ཤོས་ལ་སྨི་60ལྷག་ཙམ་ཡོད། ང་ཚོའི་གྲོང་ཚོར་གནའ་བོའི་མཁར་སྤེའུ་དང་བོད་ལུགས་ཀྱི་ཡུལ་མིའི་སྡོད་ཁང་22ཡོད་པ་མ་ཟད། ད་དུང་འཛམ་གླིང་ཤུལ་བཞག་གྲ་སྒྲིག་མིང་ཐོའི་ནང་ཚུད་ཡོད”ཅེས་འཆི་མེད་དཔལ་ལྡན་གྱིས་རྒྱང་རིང་གི་མཁར་སྤེའུ་ཚོགས་ལ་མཛུབ་མོ་བཙུགས་ནས་སྤོབས་པ་ཆེན་པོས་བཤད།
རོང་བྲག་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཏུའུ་ཅོན་གྱིས། “ཡུལ་སྐོར་གྲོང་གསེབ་ཡག་ཤོས་སུ་བདམས་པའི་འགག་རྩ་ནི་ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་སྐྲུན་དངོས་ཡོད་པས་རེད”ཅེས་དང་། རྒྱས་ཁ་ཡུལ་གྲོང་ཚོའི་སྐྲུན་དངོས་ནི་རྒྱལ་རོང་རིག་གནས་དང་རང་བྱུང་ས་ཁམས་མཉམ་འདྲེས་ལས་བྱུང་བ་ཡིན་ཞིང་། གནའ་བོའི་མཁར་སྤེའུ་ཁྱུ་ཚོགས་གཙོ་བོར་བྱས་ཏེ་རྩིག་རྡོ་དང་ཤིང་ཆས་རི་བོའི་འདབས་སུ་བསྐྲུན་པ་ཞིག་རེད་ཅེས་བཤད།
གནའ་དུས་སུ། མཁར་སྤེའུ་ཡི་ནུས་པ་གཙོ་བོ་ནི་སོ་ལྟ་དང་དགྲ་བོ་འགོག་ཆེད་ཡིན་མོད། ད་ཆ་དེ་ནི་ཡུལ་སྐོར་བས་ལྟ་སྐོར་དང་ཉམས་ལེན་བྱེད་ས་ཞིག་ཏུ་གྱུར་ཏེ་རིག་གནས་རྒྱུན་འཛིན་གྱི་གཞི་རྒྱུར་བྱས་ཡོད།
རིག་གནས་ཀྱིས་མཐུན་རྐྱེན་སྦྱར་ནས་དམངས་སྲོལ་གནས་ཚང་འཕེལ་རྒྱས་ཡག་པོ་བཏང་བ།
ནགས་གསེབ་ཀྱི་ལམ་ཆུང་གྱ་གྱུ་བརྒྱུད་རྡོ་སྐས་འཛེགས་ཏེ་སྒོ་འབྱེད་སྐབས། བདེ་སྐྱིད་འཚོའི་བདེ་སྐྱིད་ཁང་པ་ཞེས་པའི་དམངས་སྲོལ་གནས་ཚང་མིག་མདུན་དུ་མངོན། ཐོག་ཁ་སྙོམས་ཤིང་གྱང་དཀར་པོ་དང་རྡོ་རྩིག་ལས་གྲུབ་པའི་མཁར་སྤེའུ་དེའི་སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཏབ་ཡོད་པ་དང་། མགོ་བོ་བཀྱགས་ན་དམུ་རྡོ་གནས་རི་མཐོང་ཐུབ། བཟོ་སྐྲུན་གྱི་ཕྱིའི་རྣམ་པ་གནའ་ཉམས་ལྡན་ཡང་ཁང་པའི་ནང་སྒྱུར་བཀོད་བྱས་ཏེ་གསང་སྤྱོད་ལེགས་གཏོང་དང་ལྗོངས་གཟིགས་སྒེའུ་ཁུང་ཆེ་རུ་བཏང་ཡོད་པས་སྲོལ་རྒྱུན་དང་དེང་རབས་འདྲེས་མའི་ཉམས་འགྱུར་མི་འདྲ་བ་ཞིག་མངོན་ཡོད།
གསོ་རིག་སློབ་གླིང་ནས་ཐོན་པའི་བདེ་སྐྱིད་འཚོ་ནི་རྒྱས་ཁ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བ་དང་པོ་དེ་ཡིན་པ་དང་། ཕ་ཡུལ་དུ་ལོག་རྗེས་དམངས་སྲོལ་གནས་ཚང་གཉེར་འགོ་ཚུགས། “ཡུལ་སྐོར་བས་བྱེས་སྡོད་ཆོག་པ་མ་ཟད། ད་དུང་དབྱིངས་ཞུགས་རྣམ་པའི་སྒོར་གཞས་དང་འཚེམ་དྲུབ་སོགས་རྣམ་གྲངས་མང་པོར་ཉམས་ལེན་བྱེད་ཆོག་གི་ཡོད” བདེ་སྐྱིད་འཚོའི་ངོས་ནས་བརྗོད་ན་བཟོ་སྐྲུན་རྙིང་པ་ལས་འཚོ་གནས་གསར་པ་ཐུབ་པ་དེ་རྙིང་པ་སོར་འཇོག་དང་རིག་གནས་ཀྱི་མཐུན་རྐྱེན་སྦྱོར་བ་དང་ཁ་འབྲལ་ཐབས་མེད།
“ཡུལ་སྐོར་བ་མང་དུ་ཕྱིན་ནས་ཟ་སྡོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པས་ང་ལ་དམངས་སྲོལ་གནས་ཚང་གཉེར་རྒྱུའི་བསམ་བློ་འཁོར་བྱུང་། དེ་ལྟར་རིམ་བཞིན་གྲོང་ཚོར་དམངས་སྲོལ་གནས་ཚང་གཉེར་མཁན་མང་དུ་ཕྱིན་ཏེ་ཇི་ལྟར་བྱས་ནས་ཁྱད་ཆོས་འཚོལ་བ་དང་ཚུལ་མིན་གྱི་འགྲན་རྩོད་མི་ཐོན་པ་བྱ་རྒྱུ་དེ་དོན་ཆེན་དང་པོར་གྱུར་ཡོད”ཅེས་བདེ་སྐྱིད་འཚོས་བཤད། རྒྱས་ཁ་ཡུལ་གྲོང་ཚོའི་མང་ཚོགས་ཀྱི་ཁང་པ་མང་ཆེ་བ་ནི་རྡོ་ཤིང་ལས་གྲུབ་པ་དང་བོད་ལུགས་ཀྱི་ཉམས་འགྱུར་ལྡན་ཞིང་། ཁོང་གི་ཁྱིམ་ཡང་དེ་ལས་མ་འདས། ཡུལ་མི་མང་ཆེ་བས་ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་གཉེར་བས། འགྲུལ་རྒྱུན་བརྟན་པོ་ཡོང་ཆེད་བདེ་སྐྱིད་འཚོས་མངོན་མིན་རིག་གནས་ཤུལ་བཞག་དེ་དམངས་སྲོལ་གནས་ཚང་དང་ཟུང་འབྲེལ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་རྣམ་གྲངས་མང་པོ་གཏོད་དེ་ཡུལ་སྐོར་བར“ཡུལ་སྐོར་དང་རིག་གནས་ཁྲོད་འཚོ་བ་སྐྱེལ་བའི”ཉམས་ལེན་ཟབ་མོ་ཐོབ་པར་བྱས་ཡོད།
གཞན་ཡང་ཡུལ་མི་དབང་ཕྱུག་མཁྱེན་རབ་ཀྱིས་ཐབས་ལམ་གཞན་བཏོད་ཅིང་། ཁོང་གི་དམངས་སྲོལ་གནས་ཚང་ལ་རྒྱལ་རོང་གི་སྲོལ་རྒྱུན་ས་རྡོ་ཤིང་གསུམ་གྱི་བོད་ཁང་ཁྱད་ཆོས་སོར་འཇོག་བྱས་པ་མ་ཟད། ད་དུང་ཁང་མིག་ཁག་13གྱི་མིང་དེ་ཐད་ཀར་ས་གནས་དེ་གའི་དམངས་ཁྲོད་ཀྱི་གཏམ་རྒྱུད་13དང་ཟུང་འབྲེལ་བྱས་སྟབས་འགྲུལ་པས་མགྲོན་ཁང་དུ་བསྡད་རྗེས་དེ་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཤེས་ཀྱི་ཡོད།
ས་རུབ་ཁར་འཕྲེད་གཞུང་སྣོལ་མའི་གྲོང་ཚོའི་ལམ་བུ་བརྒྱུད་སྐབས་ཉི་ནུས་གློག་སྒྲོན་རིམ་པ་བཞིན་གསལ་ཏེ་ཡུལ་མི་ཚོའི་ཁྱིམ་དུ་ལོག་པའི་འགྲོ་ལམ་གསལ། 2024ལོར་རྒྱས་ཁ་ཡུལ་གྲོང་ཚོས་ནུས་རྒྱུ་གཙང་མའི་ཀུང་སི་དང་སྦྲེལ་མཐུད་བྱས་ནས་ཉི་ནུས་གློག་སྒྲོན་81བསྒར་བས་གནའ་ཉམས་དང་དེང་རབས་གཉིས་དེ་གར་མཉམ་འདྲེས་ཐུབ་ཡོད། “རྫོང་ནས་ད་དུང་ང་ཚོར་རིན་མེད་ངང་ཉི་ནུས་ཆུ་ཚ་པོ་བཟོ་ཆས་བསྒར་བས་ནུས་རྒྱུ་གྲོན་ཆུང་ཐུབ་པ་མ་ཟད་ཁོར་ཡུག་ལའང་སྲུང་སྐྱོང་ཐུབ་ཀྱི་འདུག”ཅེས་དབང་ཕྱུག་མཁྱེན་རབ་ཀྱིས་བཤད།
“ཡུལ་སྐོར་བ་མང་དུ་ཕྱིན་ཚེ་དམངས་སྲོལ་གནས་ཚང་གཉེར་མཁན་ཡང་རིམ་བཞིན་མང་དུ་འགྲོ་གི་འདུག” སྐལ་བཟང་གིས་དེ་སྔ་སྐབས་ཤིག་རིང་འགྲན་རྩོད་ཆེ་རུ་ཕྱིན་ཏེ་འདྲ་མཚུངས་མའི་གནད་དོན་ཚབས་ཆེ་རུ་སོང་ཡོད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད།
གནད་དོན་དེ་ཇི་ལྟར་བསལ་དགོས་སམ་ཞེ་ན། དེ་ཚད་ལྡན་ཅན་དུ་འགྱུར་དགོས།
གཉེར་སྐྱོང་མི་ཤེས་པའི་མིར་ས་གནས་དེ་གས་ཆེད་ལས་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་མལ་གདན་གདིང་བ་ནས་སོ་འཁྲུ་སོ་སྨན་སྒྲིག་པའི་བར་དང་། སྡེར་གཤོམ་འགྱོགས་པ་ནས་ཟ་མའི་བྲོ་བའི་བར་ཆེད་ལས་ཤེས་བྱ་དག་ཁ་གསལ་གོ་བདེའི་ངང་ཡུལ་མིར་ཁྲིད་པ་དང་། དོ་དམ་ཚད་དང་མ་མཐུན་སྟབས་རོང་བྲག་གིས་དམངས་སྲོལ་གནས་ཚང་དང་གསོལ་མགྲོན་ཁང་གི་མཐུན་ཚོགས་བཙུགས་ཏེ་འཕྲོད་བསྟེན་ཆ་རྐྱེན་དང་། སྒྲིག་བཀོད་སྲུང་སྐྱོང་། རིག་གནས་ཞབས་ཞུ་བཅས་ཚང་མར་ཞབས་ཞུའི་ཚད་གཞི་ཁ་གསལ་བཟོས་ཡོད།
མིག་སྔར་བདེ་སྐྱིད་ཁང་པ་དམངས་སྲོལ་གནས་ཚང་གིས་གྲོང་དཀྱིལ་གྱི་དམངས་སྲོལ་གནས་ཚང་47དང་མཉམ་དུ་མཐུན་ཚོགས་ནང་ཞུགས། “ད་དུང་དམངས་སྲོལ་གནས་ཚང་གི་ཞབས་ཞུའི་ལྟ་སྐུལ་ཚོགས་ཆུང་ཡང་ཡོད་པས་དུས་བཀག་ལྟར་འཐེན་བཤེར་དང་ཡུལ་སྐོར་བས་ཚུར་ལན་བྱས་པ་བརྒྱུད་ང་ཚོའི་ཞབས་ཞུའི་སྤུས་ཚད་ཐད་ལྟ་སྐུལ་བྱེད་ཀྱི་ཡོད”ཅེས་བདེ་སྐྱིད་འཚོས་བཤད་པ་དང་། ཁོང་གིས་མཐུན་ཚོགས་ཡོད་པས་གཉེར་སྐྱོང་དེ་བས་ཚད་ལྡན་དུ་གྱུར་པ་མ་ཟད། ཡུལ་སྐོར་བའི་ཞག་སྡོད་ཀྱི་ཉམས་ལེན་འགན་ལེན་ཐུབ་རྒྱུར་དེ་བས་ཕན་ཐོགས་ཡོད་ཅེས་བཤད།
དུས་བཞི་མཉམ་འགུལ་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་ལ་ཚད་བརྒལ་བྱུང་བ།
རྒྱས་ཁ་ཡུལ་གྲོང་ཚོར་བོད་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཚེམ་དྲུབ་དང་སྒོར་གཞས་སོགས་ཀྱི་གསོན་ཉམས་ལྡན་པའི་རིག་གནས་ཀྱང་ཡུལ་སྐོར་ཉམས་ལེན་གྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་ཐུབ་ཡོད།
བོད་ལུགས་ཀྱི་སྡོད་ཁང་ཞིག་ནང་རྒྱལ་རོང་བོད་རིགས་ཀྱི་འཚེམ་དྲུབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རྡོ་རྗེ་དབང་མོས་ཁབ་སྐུད་སྐར་མདའ་འཁྱུག་འཁྱུག་བྱེད་བཞིན་ཡོད་ཅིང་། ཁོང་གིས་སྐུད་པ་བསྒྲིམས་ཏེ་སོར་རྩེའི་འཁྱུག་འགྲོས་ལ་བརྟེན་ནས་ཤིང་པད་མ་ཞིག་འཚེམ་བཞིན་ཡོད།
“རྒྱལ་རོང་བོད་རིགས་ཀྱི་འཚེམ་དྲུབ་དེ་མང་ཆེ་བ་མགོ་རས་དང་པང་གདན་ཐོག་རྒྱག་གི་ཡོད་པས་ཚོན་མདོག་སྣ་ལྔའི་སྐུད་པས་མཐའ་རྒྱན་བརྒྱབ་ནས་མེ་ཏོག་གཙོ་བོར་རྒྱག་པ་དང་ཚོན་མདོག་དང་བཟོ་ལྟ་སྣ་ཚོགས་ཡོད། སྐབས་རེ་ངས་རི་འཛེགས་ནས་མེ་ཏོག་དང་རྩྭ་རྩི་ཤིང་བཙལ་ཏེ་དེ་དག་གི་བཟོ་ལྟ་རི་མོར་འགོད་ཀྱི་ཡོད” འཚེམ་དྲུབ་བརྒྱབ་པའི་དབང་གིས་རྡོ་རྗེ་དབང་མོའི་མཛུབ་མོར་རྨ་ཁས་ཁེངས་པ་དང་། དེང་སྐབས་མངགས་ཐོ་མང་བས་ཁོང་བྲེལ་བརྩོན་ཧ་ཅང་ཆེན་པོ་ཡོད། “དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་གཉེན་སྒྲིག་བྱེད་མཁན་མང་བས་མནའ་མའི་མགོ་རས་བཟོ་རྒྱུར་བྲེལ་བ་དང་ཚང་མས་ལོ་གསར་སྐབས་སྒོར་གཞས་འཁྲབ་ཀྱི་ཡོད་པས་གཞོན་ནུ་ཚོས་ཀྱང་ཁྱད་ལྡན་གྱི་མགོ་རས་མངགས་ཀྱི་ཡོད”
གྲོང་ཚོའི་ནང་འཆམ་འཆམ་བྱེད་སྐབས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་། རིག་གནས་བསམ་བཀོད་ཀྱི་ཚོང་ཁང་། ཞིབ་སློབ་རྟེན་གཞི་བཅས་ཚང་མ་འདུག ལོ་ལྟར་གྱི་ཟླ་བ་གསུམ་པར་རྒྱས་ཁ་ཡུལ་གྲོང་ཚོར་ད་དུང་ལི་ཤིང་མེ་ཏོག་དུས་ཆེན་གཉེར་གྱི་ཡོད་ཅིང་། རྒྱལ་རོང་གི་རིག་གནས་ཉམས་ལེན་དང་། རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས། མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས་སོགས་ཀྱི་བྱེད་སྒོ་བརྒྱུད། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ལི་ཤིང་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་བ་དང་རིག་གནས་ཀྱི་ཉམས་འགྱུར་ཉམས་སུ་མྱོང་བར་གདན་འདྲེན་གྱི་ཡོད།
དེ་སྔ་དགུན་ཁའི་དུས་ནི་རྒྱས་ཁ་ཡུལ་གྲོང་ཚོའི་ཡུལ་མི་ལྷོད་ལ་བབས་པའི་སྐབས་རེད། “དགུན་དུས་རྩྭ་དང་རྩི་ཤིང་སེར་པོར་གྱུར་ནས་ཉི་མ་དྲོ་ཡང་ཡུལ་སྐོར་བ་ཉུང་ཉུང་ལས་མེད། ས་མཐོའི་བོད་རིགས་ཀྱི་གྲོང་སྡེ་མང་ཆེ་བར་ནམ་དུས་རང་བཞིན་གྱི་ཡུལ་སྐོར་དཀའ་གནད་དེ་རིགས་འཕྲད་ཡོད”ཅེས་ཏུའུ་ཅོན་གྱིས་བཤད།
“མིག་སྔར་ང་ཚོས‘དཔྱིད་དུས་མེ་ཏོག་ལ་ལྟ་བ་དང་། དབྱར་དུས་ཚ་བ་གཡོལ་བ། སྟོན་དུས་མཛེས་མ་འདེམས་པ། དགུན་དུས་ཉི་མ་སྲོ་བ’བཅས་དུས་བཞིའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་དེ་དཔྱིད་དུས་དང་དབྱར་དུས་གཉིས་ནས་ལོ་ཧྲིལ་པོར་རིང་དུ་བཏང་སྟེ་ཡུལ་མི་ཚོར་ཡུལ་སྐོར་གྱི་ཡོང་འབབ་རག་པར་བྱས་ཡོད” 2025ལོར་རྒྱས་ཁ་ཡུལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་40ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་4.4ལྷག་ཙམ་ཟིན་ཡོད་ཅེས་ཏུའུ་ཅོན་གྱིས་ངོ་སྤྲོད་བྱས།
“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ཀྱི་རེ་ཞུ་ལམ་ལྷོངས་བྱུང་རྗེས། རྒྱས་ཁ་ཡུལ་གྲོང་ཚོ་ཉེ་རིང་གང་སར་སྐད་གྲགས་ཆོད་དེ་ཡུལ་སྐོར་བ་མང་དུ་ཕྱིན་པ་མ་ཟད། ཁྱད་ལྡན་དམངས་སྲོལ་གནས་ཚང་ལ་སྡོད་མཁན་ཡང་དེ་བས་མང་དུ་ཕྱིན་ཡོད། དེས་ན་གཞོན་ནུ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་རིག་གནས་ཡུལ་སྐོར་ཐོན་ལས་ནང་ཞུགས་རྩིས་ཡོད་པ་རེད། “‘གྲོང་ཚོའི་མཉམ་སྡེབ་དང་། དམངས་སྲོལ་གནས་ཚང་། ཞིང་དུད’བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་བརྒྱུད། ཡུལ་མི་90%ཙམ་ལ་ཡུལ་སྐོར་ལས་རིགས་ཁྲོད་ནས་ཕན་པ་ཐོབ་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་འགུལ་རྣམ་དོ་སྙོམས་བྱུང་ཡོད”ཅེས་སྐལ་བཟང་གིས་བཤད།
ད་ཆ་གངས་རིའི་གཤམ་གྱི“མངོན་མིན་རིག་གནས་ཤུལ་བཞག”གི་བོད་རིགས་གྲོང་སྡེ་དེས་ཐུན་མིན་གྱི་ཉམས་འགྱུར་ལ་བརྟེན་ནས་ནམ་དུས་ཀྱི་ཚད་བཀག་ལས་སྒྲོལ་བ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།