དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་གཏོད་གཞོན་ནུ་མཱ་ཅེ།

    ང་ནི་ས་མཐོར་ཕུགས་བསམ་དོན་དུ་གཉེར་མཁན་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-27

    “ང་ལ་ལྷ་ས་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ཐོབ་བྱུང་། འདི་གར་ང་རང་གི་ཁྱིམ་དང་ཁྱད་མེད”ཅེས་རང་ཉིད་ཀྱིས་མ་འཇོག་བྱས་པའི་སྣེའུ་ཁུལ་གསར་གྱི་དུས་བཞིའི་ཨར་ཁང་མདུན་དུ་ལངས་པའི“95རྗེས་སྐྱེས”ཀྱི་ཧུད་རིགས་ཀྱི་གཞོན་ནུ་མཱ་ཅེ་ཡིས་བཤད་པའི་སྐད་ཆ་དེར་གཡོ་ལྷད་སྤུ་ཙམ་ཡང་མེད་ཅིང་མིག་ཟུང་ལས་ས་ཆ་འདིར་བཅངས་པའི་བརྩེ་བ་ཟབ་མོ་མངོན།

    ལོ་བརྒྱད་ཀྱི་གོང་དུ་ལག་པར་དངུལ་སྒོར་72ལས་མེད་པའི་མཱ་ཅེས་ས་བབ་མཐོ་བའི་ལྷ་སར་ཡོང་། འདི་གར་སླེབས་མ་ཐག ས་མཐོར་མི་འཕྲོད་པའི་དབང་གིས་མགོ་བོ་ཡང་སེ་ན་བ་མ་ཟད། སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཡང་མང་པོ་འཕྲད། ལྷ་སར་རྐང་པ་བརྟན་པོ་ཞིག་ཚུགས་ཆེད་ཕ་ཡུལ་གཅིག་པའི་མིས་ངོ་སྤྲོད་བྱས་པ་བརྒྱུད། ཁོང་གིས་དམངས་གཉེར་སོལ་རླངས་བླུགས་པའི་ས་ཚིགས་ཤིག་ཏུ་གླ་པ་རྒྱུག་པར་ཕྱིན་ཞིང་། ཁོང་གིས་ཉིན་ལྟར་ལྗིད་ཚད་རྒྱ་མ་བཅུ་གྲངས་ཡོད་པའི་དབུགས་རིལ་ཁུར་ནས་ཐོག་སོ་མང་པོ་འཛེགས་པ་མ་ཟད། ཚ་གདུག་ཆེ་ཡང་སྡུག་རུས་བྱས་ཏེ་སྲང་ལམ་རྒྱུད་དུ་བསྒྲགས་ཡིག་བཀྲམ་པ་སོགས་དཀའ་ལས་མང་པོ་བརྒྱབ། “སྐབས་དེ་དུས་ཉིན་ལྟར་ཞོགས་པ་གཉིད་སད་མ་ཐག་གང་འདྲ་བྱས་ནས་དབུགས་རིལ་ཐོལ་པ་གཅིག་བསྐྱལ་ཏེ་སྒོར་བཅུ་གསོག་ཐུབ་པ་བྱེད་དགོས་མིན་ལ་བསམ་བློ་གཏོང་མྱོང”ཞེས་མཱ་ཅེ་ཡིས་སྔོན་ཆད་ལ་ཕྱིར་དྲན་བྱེད་སྐབས། སྔོན་མ་དཀའ་ལས་བརྒྱབ་པ་དག་ལ་གདོང་གཏད་ཐུབ་ལ་སྐད་ཆའི་ཁྲོད་ནས་བློ་ཤོག་བརྟན་པོ་ཞིག་ཀྱང་ངང་གིས་མངོན།

    ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཆབས་ཅིག་མཱ་ཅེ་ཡི་བྱ་གཞག་ལ་གོ་སྐབས་གསར་པ་འཕྲད། 2020ལོར་ཁོང་ཨར་ཁང་གི་ཞག་སྡོད་ལས་རིགས་ནང་ཞུགས་ནས་སྣེའུ་ཁུལ་གསར་དུ་དུས་བཞིའི་ཨར་ཁང་ཞིག་བཙུགས། “ལས་གཏོད་ཀྱི་ཐོག་མའི་དུས་ཀྱི་སྲིད་ཇུས་ཀྱི་ཟུར་ཁྲིད་ནས་གཉེར་སྐྱོང་བྱེད་རིང་གི་རོགས་རམ་སྣ་ཚོགས་བར་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་ལས་གཏོད་ཁ་གསབ་བར་དུ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལས་ང་ཚོའི་དམངས་གཉེར་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་བྱུང”ཞེས་མཱ་ཅེ་ཡིས་བཤད། འདི་ལྟ་བུའི་རྒྱབ་སྐྱོར་ལས་ཁོང་ལ་བློ་ཁོག་ཆེན་པོས་བྱ་གཞག་གསར་གཏོད་བྱེད་པའི་གདེང་ཚོད་ཆེན་པོ་བྱུང་།

    “མི་རིགས་མཐུན་སྒྲིལ་ནི་ཁེ་ལས་འཕེལ་རྒྱས་གཏོང་བའི་རྨང་རྡོ་གལ་ཆེན་ཞིག་རེད”ཅེས་པའི་འདུ་ཤེས་དེ་མཱ་ཅེ་ཡིས་གཉེར་སྐྱོང་བྱེད་རིང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད། ཁོང་གི་ཁེ་ལས་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་ལས་བཟོ་འཆམ་མཐུན་མཉམ་གནས་བྱུང་ཞིང་། ཚང་མས་ཕན་ཚུན་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། སྨྱུང་གྲོལ་དུས་ཆེན་སོགས་དུས་ཆེན་གལ་ཆེན་ཚང་མར་མཉམ་དུ་རྟེན་འབྲེལ་ཞུ་བ་དང་སྤྲོ་སྣང་མཉམ་སྤྱོད་བྱེད་ཀྱི་ཡོད། “ང་ནི་ཧུད་རིགས་ཡིན་མོད། འོན་ཀྱང་ལྷ་སར་བོད་རིགས་སྤུན་ཟླས་ང་རང་གཉེན་ཉེར་བརྩི་བས་ང་ཚོ་ནི་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད”ཅེས་པའི་མཱ་ཅེ་ཡི་སྐད་ཆ་དེ་ལས་ཁེ་ལས་ནང་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་མཚོན་ལ། ལྷ་ས་ཞེས་པའི་གྲོང་ཁྱེར་དེའི་ཁོང་ཡངས་དང་དྲོ་སྐྱིད་ཡང་མངོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།