ཁྲུང་ཆིང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཧུའུ་ཁོ་ཡིས་བརྗོད་དོན།
བོད་ཀྱི་ཕྲུ་གུའི་མིག་ཤེད་ཡག་པོ་སྲུང་བར་ བྱ་བ་དངོས་མང་ཙམ་སྒྲུབ་ཀྱི་ཡིན།
སྔ་དྲོའི་ཆུ་ཚོད་11ཙམ་ལ། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཤགས་བཅོས་ཁང་གི་གློག་སྒྲོན་འོག་ནད་པ་ཞིག་གི་མིག་ལ་གཤགས་བཅོས་བྱེད་བཞིན་ཡོད།
ཁྲུང་ཆིང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཧུའུ་ཁོས་ཡིས་ལུས་པོ་སྒུར་སྒུར་བྱས་ནས་འཕྲུལ་ཆས་ནན་ཏན་ངང་སྤྱད་དེ་རི་བོ་ཆེ་རྫོང་ནས་ཡོང་བའི་ནད་པ་པད་མ་འཕྲིན་ལས་ཀྱི་མིག་གི་ཤེལ་གཟུགས་ལ་གཤགས་བཅོས་བྱས་པ་རེད།
ཆུ་ཚོད་གཅིག་ཙམ་སོང་རྗེས། པད་མ་འཕྲིན་ལས་ཀྱི་མིག་ལ་གཤགས་བཅོས་བདེ་བླག་བྱུང་། ཧུའུ་ཁོས་དཔྲལ་བའི་རྔུལ་ཆུ་འཕྱིད་བཞིན་དུ“ངལ་གསོ་ཡག་པོ་བརྒྱབ་ན་ཉིན་ཤས་རྗེས་ཁྱིམ་དུ་ལོག་ཆོག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
མཉམ་དུ་གཤགས་བཅོས་བྱེད་མཁན་མིག་ནད་ཚན་ཁག་གི་ཀྲུའུ་རེན་ལྷག་པ་སྒྲོལ་མས“དེ་རིང་མིག་གི་ཤེལ་གཟུགས་ཀྱི་གཤགས་བཅོས་དེ་རིམ་པ་བཞི་པའི་གཤགས་བཅོས་ཀྱི་ཁོངས་སུ་གཏོགས་པ་དང་། དེ་རིགས་རྒྱུན་དུ་ཧ་ཅང་ཉུང་ཉུང་ཡིན་པས་ནད་པ་མང་པོ་ཞིག་ལྗོངས་ཕྱིར་བསྐྱོད་དགོས་ཀྱི་ཡོད། ད་རེས་ཧུའུ་ཡོན་ཀྲང་ཡོད་པས། ནད་པར་སྒོ་འགྲམ་ནས་གཤགས་བཅོས་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
ཧུའུ་ཁོ་ནི་ཁྲུང་ཆིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་རེད། 2025ལོའི་ཟླ་བདུན་པར། ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པའི་ཁོངས་མི་ཡིན་པའི་ཁོང་གིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་ཁུར་ནས་སྨན་ཁང་གི་ཚན་ཞིབ་དང་། སློབ་ཁྲིད། དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་དམ་འཛིན་བྱས་པ་དང་སྦྲགས་མིག་ནད་ཚན་ཁག་དང་རྣ་སྣ་གྲེ་མིད་ཚན་ཁག་སོགས་ཀྱི་རིག་ཚན་འཛུགས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། བོད་དུ་ཡོང་ནས་ལོ་ཕྱེད་ཙམ་སོང་རིང་། ཁོང་གིས་ཧན་ཧུང་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་ས་གནས་དེ་གའི་མང་ཚོགས་ལ་རིན་པ་མི་དགོས་པར་སྐྱ་གྲིབ་ཀྱི་གཤགས་བཅོས་ཐེངས་100ལྷག་ཙམ་བྱས་པ་མ་ཟད། “རྒན་གཅིག་གཞོན་གཅིག”ལ་སྐྱ་གྲིབ་ཕོག་ནས་ལོང་བ་ཆགས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་གཉིས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། 《ཆབ་མདོ་གྲོང་ཁྱེར་གྱི་ས་མཐོའི་འོད་ཟེར་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2025ལོ་ནས་2028ལོའི་བར)》བཟོས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་སྐོར་སྐྱོད་མིག་ནད་སྨན་ཁང་ཧུར་ཐག་བཏོད་ཡོད།
དོན་དངོས་ཐོག་ཧུའུ་ཁོ་2019ལོ་ནས་བོད་དུ་སླེབས་མྱོང་ཡོད། ལོ་དེར་ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི“ཁྲུང་བོད་བརྩེ་སེམས་ཟབ། གཅིག་སེམས་གཅིག་ལ་སྦྲེལ”གྱི་བདེ་ཐང་རོགས་སྐྱོར་བྱེད་སྒོའི་འབོད་སྐུལ་འོག ཁོང་ཆབ་མདོར་ཐེངས་དང་པོ་སླེབས་པ་དང་། དེ་རྗེས་ཁོང་དང་ཚོགས་པས་ལོ་ལྟར་སྒྲིག་ཆས་དང་དངོས་ཟོག་ཁྱེར་ནས་བྲག་གཡབ་རྫོང་དང་། སྨར་ཁམས་རྫོང་། རི་བོ་ཆེ་རྫོང་སོགས་སུ་བསྐྱོད་དེ་རིན་པ་མི་དགོས་པར་སྐྱ་གྲིབ་ཀྱི་གཤགས་བཅོས་བྱེད་པ་དང་ཆབས་ཅིག་ཕྲུ་གུ་ཚོར་མིག་ཤེད་སྤྱི་ཕན་བརྟག་དཔྱད་དང་ས་གནས་ས་ཐོག་ཏུ་རིན་པ་མི་དགོས་པར་མིག་ཤེལ་བསྒྲིགས་ཀྱི་ཡོད།
གནས་ཚུལ་དེ་དག་ལས་ཧུའུ་ཁོ་ལ་སྐོར་སྐྱོད་མིག་ནད་སྨན་ཁང་འཛུགས་པའི་བསམ་བློ་འཁོར་ཞིང་། ཧུའུ་ཁོ་ཡིས“སྤྱི་ཕན་བྱེད་སྒོ་སྤེལ་རིམ་བཞིན་སྒྲིག་ཆས་དང་དངོས་ཟོག་འཁྱེར་བའི་མ་གནས་ཧ་ཅང་མཐོ་པོ་ཡོད། གལ་ཏེ་རླངས་འཁོར་ཞིག་ཡོད་ན་དེའི་ནང་དུ་བརྟག་དཔྱད་སྒྲིག་ཆས་དང་། གཤགས་བཅོས་སྒྲིག་ཆས། དངོས་རྫས་བཅས་བླུགས་ཏེ་ལོ་ལྟར་འཆར་གཞི་ཡོད་པའི་སྒོ་ནས་རྫོང་སོ་སོར་བསྐྱོད་ནས་མང་ཚོགས་ལ་གཤགས་བཅོས་བྱས་ན་མི་རྒྱུ་གཉིས་ཀར་གྲོན་ཆུང་ཐུབ་ལ། ངས་འགྲོ་སོང་ཉུང་ཤོས་ལ་བརྟེན་ནས་རོགས་སྐྱོར་གྱི་ཕན་འབྲས་ཡག་ཤོས་ཐོན་རྒྱུའི་རེ་བའང་བྱེད་ཀྱི་ཡོད”ཅེས་བཤད།
མི་རྣམས་དགའ་འོས་པ་ཞིག་ལ་སྐོར་སྐྱོད་མིག་ནད་སྨན་ཁང་གི་རྣམ་གྲངས་བཙུགས་ཟིན་པ་དང་། ནད་ཐོག་སྨན་བཅོས་དང་རིག་ཚན་འཛུགས་སྐྱོང་ཕུད། ཧུའུ་ཁོ་ཡིས་མཐོང་ཆེ་ཤོས་བྱེད་པ་ནི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད། ཁོང་གིས“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”བྱེད་སྒོ་བརྒྱུད་ས་གནས་དེ་གའི་སྨན་པ་ཁང་ཅོན་བབ་བསྟུན་གསོ་སྐྱོང་བྱས་པ་རེད། ཧུའུ་ཁོས་མཛུབ་ཁྲིད་ཞིབ་ཚགས་བྱས་པར་བརྟེན་ཁང་ཅོན་གྱིས་རང་རྐྱ་འཕེར་བའི་ངང་སྐྱ་སྒྲིབ་ཀྱི་སྒྲ་འདས་གཤགས་བཅོས་ཐེངས་70ལྷག་ཙམ་བྱས་པ་རེད། ཧུའུ་ཁོ་ཡིས“ས་གནས་དེ་གའི་སྨན་པས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་བྱེད་ཐུབ་པ་ནི་ངའི་ངོས་ནས་བརྗོད་ན་གྲུབ་འབྲས་ཆེ་ཤོས་དེ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།
“ལོ་གསར་པར་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་སྔར་བས་ཡག་ཏུ་འགྲོ་བ་ནི་ངའི་བསམ་འདུན་ཆེ་ཤོས་དེ་ཡིན”ཞེས་ཧུའུ་ཁོ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།