ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་གནས་བརྟན་སྲུང་གིས་སྨན་བྱད་ཞིབ་བཤེར་འགན་ལེན་བྱས་པ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁུལ་གྱི་སྨན་རྫས་སིལ་ཚོང་ཁང་དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཁེ་ལས་གཙོ་གནད་དུ་བྱས་ཏེ་ཚོང་སྐོར་དང་གྲོང་མིའི་ཁུལ་སོགས་མི་ཚོགས་སྟུག་སར་དམིགས་ནས་སྨན་བྱད་ཁྲོམ་རར་སྐོར་ཞིབ་ནན་པོ་བྱས་ཏེ། སྨན་རྫས་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་བ་དང་དུས་ཆེན་རིང་གི་ཁྲོམ་རའི་སྒྲིག་ལམ་བརྟན་པོ་བསྲུངས་ཡོད།
སྐོར་ཞིབ་བྱེད་རིང་། ཁྲིམས་སྒྱུར་མི་སྣས་མང་ཚོགས་ཀྱི་ཁྱིམ་སྤྱོད་སྨན་བྱད་དང་དེ་བཞིན་མྱུར་སྐྱོབ་སྨན་བྱད་ལ་དམིགས་ནས་སྨན་བྱད་ཉོ་སྒྲུབ་ཐབས་ལམ་གྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། དངོས་ཟོག་མཁོ་སྤྲོད་ཀྱི་ཐོབ་ཐང་དང་། དངོས་ཟོག་འཐེན་པའི་སྤ་སེ། ཞིབ་བཤེར་རྩིས་ལེན་གྱི་ཟིན་ཐོ། ཁུངས་འདེད་ཆ་འཕྲིན་བཅས་ལ་ཞིབ་བཤེར་བྱས་ཏེ་ཁྲིམས་འགལ་ཐབས་ལམ་ནས་སྨན་རྫས་ཉོ་བ་དང་སྨན་བྱད་རྫུན་མ་ཕྱིར་འཚོང་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད། སྨན་བྱད་གསོག་ཉར་དང་བདག་སྐྱོང་བྱས་ཚུལ་ལ་ཞིབ་བཤེར་ཚད་ལྡན་བྱས་ནས་དྲོད་ཚད་དང་བཞའ་ཚན་ཚོད་འཛིན་སྙོམས་སྒྲིག་དང་། རིགས་དང་ཁུལ་དབྱེ་ནས་སྒྲིག་པ། བསིལ་གྲིབ་གྲང་ཉར་སྒྲིག་ཆས་འཁོར་སྐྱོད། དེ་བཞིན་རྒྱུན་གཏན་གྱི་བདག་སྐྱོང་ཟིན་ཐོ་བཅས་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ཏེ། སྨན་བྱད་གསོག་ཉར་དོ་དམ་བྱ་རྒྱུ་དེ་ཚད་གཞིའི་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ཡོད། བསྡེབས་སྨན་ཕྱིར་འཚོང་དོ་དམ་བྱས་ཚུལ་ལ་ཞིབ་བསྡུར་ནན་པོ་བྱས་ནས་དེབ་འཛིན་སྨན་སྦྱོར་པས་ལས་ཐོག་འགན་འཁྲི་སྒྲུབ་ཚུལ་དང་སྨན་ཐོ་བཀོད་ནས་བསྡེབས་སྨན་འཚོང་བའི་ལམ་ལུགས་དོན་འཁྱོལ་བྱས་འབྲས་ལ་ལྟ་ཞིབ་བྱས་ཏེ། སྨན་སྦྱོར་པས་ལག་ཁྱེར“གཡར་བ”དང་སྨན་ཐོ་མི་བཀོད་པར་བསྡེབས་སྨན་འཚོང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ནན་པོ་བྱས་ཡོད།
ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་དྲོད་ཚད་དང་བཞའ་ཚན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འཕྲོ་བརླག་ཕྱིན་པ་དང་། རིགས་དང་ཁུལ་དབྱེ་ནས་སྒྲིག་སྟངས་ཚད་ལྡན་མེད་པ། རིན་གོང་མཆན་རྟགས་འཇོག་སྟངས་ནོར་བ། སྨན་ཐོའི་ཟུན་མཆན་ཞིབ་དཔྱད་དང་མིང་རྟགས་དུས་ཐོག་ཏུ་བཀོད་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཁྲིམས་སྒྱུར་མི་སྣས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཏེ་གཉེར་སྐྱོང་བྱེད་པོར་འཕྲལ་སྒྲུབ་འཕྲལ་བཅོས་དང་དུས་བཀག་ནང་དག་ཐེར་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཁེ་ལས་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་གཉེར་སྐྱོང་དོ་དམ་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། འཁོར་འབྲེལ་ཧྲིལ་པོའི་སྤུས་ཚད་དང་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་ལྕག་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།