ཆབ་མདོས“ནགས་དཔོན་ལམ་ལུགས་དང་གནམ་གཤིས་ཞབས་ཞུ་ཟུང་དུ་འབྲེལ་བའི”ལས་ཀའི་ལམ་སྲོལ་བཏོད་པ།
ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱིས“ནགས་དཔོན་ལམ་ལུགས་དང་གནམ་གཤིས་ཞབས་ཞུ་ཟུང་དུ་འབྲེལ་བའི”སྡེ་ཚན་མཉམ་ལས་ལམ་སྲོལ་བཏོད་པ་དང་། དེའི་དམིགས་ཡུལ་ནི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྒྱབ་ལྗོངས་འོག་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་འགོག་ཟོན་དང་། འཕྲལ་སྡོམ་ཐག་གཅོད། དེ་བཞིན་གཙོ་གནད་ཐོན་སྐྱེད་བྱེད་སྒོའི་གནམ་གཤིས་གནོད་འཚེའི་འགོག་སྲུང་ནུས་པ་བཅས་ཆེ་རུ་བཏང་ནས། དམིགས་བསལ་གྱི་གནམ་གཤིས་ངན་པའི་རྐྱེན་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཚད་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་དེ་རེད།
ཆབ་མདོ་གྲོང་ཁྱེར་གྱིས“སྐྱེ་ཁམས་སྤྱི་ཕན་དང་། གྲངས་གཞི་མཉམ་སྤྱོད། ལེགས་ཆ་གསབ་རེས”བཅས་ཀྱི་རྩ་དོན་གཞིར་བཟུང་། ནགས་ལས་རྩྭ་ཐང་སྡེ་ཚན་དང་གནམ་གཤིས་སྡེ་ཚན་དབར་གྱི་མཉམ་ལས་ཟབ་ཏུ་བཏང་བ་བརྒྱུད་སྔོན་བརྡ་མཉམ་འགུལ་དང་། འཕྲལ་སྡོམ་མཉམ་སྒྲུབ། ཆ་འཕྲིན་མཉམ་སྤྱོད། མཉམ་དུ་དྲིལ་བསྒྲགས་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་མཉམ་ལས་ལམ་སྲོལ་བཞི་བཙུགས་ནས“གནམ་གཤིས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་ཉེན་ཁ་སྔོན་འགོག་ལ་དམ་འཛིན་བྱེད་པའི”བྱེད་ཐབས་ཁྱབ་གདལ་བཏང་སྟེ། སྡེ་ཚན་དབར་མཉམ་ལས་བྱེད་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ་རེད།
ལས་ཀའི་ལམ་སྲོལ་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་གྲོས་མོལ་བྱེད་ཐེངས་མང་དུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་དུས་བབ་བམ་ཡང་ན་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་གནམ་གཤིས་ཉེན་ཁར་ཐུན་མོང་ཐོག་དབྱེ་ཞིབ་བྱས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁའི་ས་ཁོངས་དང་། དུས་མཚམས། ཤུགས་རྐྱེན་ཐེབས་ཚད་བཅས་ལ་ཞིབ་འཇུག་བརྡར་གཅོད་བྱས་ཡོད། འཕྲལ་སྡོམ་གནམ་གཤིས་འགན་སྲུང་ལ་བརྟེན་ནས་འབྲེལ་ཡོད་ས་ཁོངས་དང་དེ་བཞིན་ཉེ་འཁོར་གྱི་ཞིབ་ཅིང་ཕྲ་བའི་གནས་ཚུལ་དངོས་དང་ཆར་ཆུ་འབབ་ཚད་དང་། རླུང་ཤུགས། བཞའ་ཚན། དྲོད་ཚད་སོགས་ཚུད་པའི་འགག་རྩའི་གནམ་གཤིས་ཀྱི་རྒྱུ་རྐྱེན་སྐབས་འཕྲལ་སྔོན་བརྡ་བཏང་སྟེ་འཚོལ་སྐྱོབ་དང་། གནས་སྤོ། བཀོད་སྒྲིག་སོགས་ལ་འདེགས་སྐྱོར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།